ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མཱ་ཡི་ཀི་པེན་སི་ Mike Pence མཆོག་གིས་ཨ་རི་གཞུང་གིས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་དང་འབྲེལ་བའི་སྐོར་གསུང་བཤད་གནང་སྐབས་བོད་དོན་གླེང་སློང་ཤུགས་ཆེ་གནང་། དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱས་པའི་ཧ་ཌི་སན་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་ Hudson Institute དུ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་ཆེད་མཁས་མི་སྣ་དང་ཉམས་ཞིབ་པ། དེ་བཞིན་གསར་འགོད་པ་སོགས་འདུ་འཛོམས་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མཱ་ཡི་ཀི་པེན་སི་ Mike Pence མཆོག་གིས་གསུང་བཤད་གནང་དོན། རྒྱ་གཞུང་གིས་ཨ་རིའི་མང་གཙོ་ལ་ཐེ་གཏོགས་བྱེད་བཞིན་ཡོད་པ་མ་ཟད། ཨ་རིའི་ཚོང་པ་དང་། གློག་བརྙན་ཁང་། མཐོ་སློབ་ཁང་། སྲིད་བྱུས་ཉམས་ཞིབ་ཁང་། ཤེས་ཡོན་པ། གསར་འགོད་པ། གཞུང་གི་ལས་བྱེད་སོགས་ལ་ལྐོག་རྔན་སྤྲོད་པའམ་གནོན་ཤུགས་སྤྲོད་བཞིན་པ་རེད། ཅེས་དང་།
དེ་ནས་བོད་དང་འབྲེལ་བའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་བོད་མི་ ༡༥༠ ཡིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང། ཨ་རིའི་ཁེ་ལས་བཟོ་ཚོང་ཁང་ Companies སོགས་ཀྱིས་བོད་དང་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་ལས་ཐ་དད་ཡིན་པའི་འགྲེལ་བརྗོད་བྱས་ཚེ། རྒྱ་གཞུང་གི་འགོ་ཁྲིད་ཚོས་ཁོང་ཚོར་སྡིགས་ར་བསྐུལ་བ་དང་ཉེན་བརྡ་བཏང་བ་སོགས་བྱུང་ཡོད།
ཨ་རིའི་ཌེལ་ཊ་གནམ་གྲུབ་ཁེ་ལས་ཁང་ Delta Airlines གི་དྲ་རྒྱའི་སྟེང་ཐེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་མིན་པ་བཀོད་པར་བརྟེན། རྒྱ་གཞུང་གིས་ཌེལ་ཊ་གནམ་གྲུ་ཁེ་ལས་ཁང་ལ་དགོངས་དག་ཞུ་བཅུག་ཡོད། དེ་བཞིན་ཨ་རིའི་མ་རོ་ཊི་གསོལ་མགྲོན་ཁང་ Marriott གི་ལས་བྱེད་ཅིག་གིས་ཊི་ཝི་ཊར་དྲ་རྒྱ་ twitter བརྒྱུད་བོད་དེ་རྒྱལ་ཁབ་ཅིག་ཡིན་པར་དགའ་མོས་ཀྱི་མཆན་བཀོད་པར་བརྟེན་ཁོང་ལས་གནས་ནས་ཕྱིར་འབུད་བཏང་བ་རེད། རྒྱ་གཞུང་གིས་རྒྱུ་མཚན་ཅིའི་ཕྱིར་ཨ་རིའི་སྤྱི་ཚོགས་ནང་ཐེ་ཇུས་བྱེད་བཞིན་པར་གསར་འགོད་པ་ཚོས་ཞེད་སྣང་དང་ཕྱོགས་ཞེན་མེད་པའི་ཐོག་དྲང་བདེན་གྱིས་གསར་འགྱུར་གཏིང་ཟབ་འགོད་ཀྱིན་ཡོད་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཨ་རི་དང་རྒྱལ་སྤྱིའི་གསར་འགོད་ཚོགས་པ་ཚོས་མུ་མཐུད་འདིའི་ཐོག་གཞི་རྒྱ་ཆེ་བའི་སྒོ་ནས་གསར་འགོད་གཏིང་ཟབ་གནང་རྒྱུའི་རེ་བ་ཡོད། ཕྱོགས་མཚུངས་ཤེས་ཡོན་པ་དང་། མཐོ་སློབ་ཁག སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་སོགས་ཀྱིས་རྒྱ་གཞུང་གི་དངུལ་ཅུང་ཙམ་ལ་མ་ལྟོས་པར་ཤེས་ཡོན་གྱི་རང་དབང་སྲུང་སྐྱོབ་ཆེད་གླེང་སློང་ཤུགས་ཆེ་གནང་བཞིན་ཡོད་ཅེས་གསུངས། །