ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཉི་མ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ནས་རྒྱ་གར་གྱིས་གཙོས་གནས་ཡུལ་གཞུང་མང་གཉིས་ལ་ཕྱི་ལོ་ ༢༠༡༨ ཧྲིལ་པོར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན།
ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་ཐུན་མོང་ནས་སྦེང་ལོར་གྲོང་ཁྱེར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཀར་ན་ཀྲ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་དོན་ཚོགས་ཆུང་དང་སིམ་སྤྱི་ལས་ཁུངས་ཐུན་མོང་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཉིན་མོ་སྲུང་བརྩི་ཞུ་གཏན་འཁེལ་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་ཨ་ཅཱརྱ་ཌེབ་རཊ་Acharya Dev Vrat མཆོག་དང་། མངའ་སྡེ་གཞུང་གི་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧེནྡྲ་སིངྒ་ཐཱ་ཀུར་ Mahender singh thakur མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Virbhadra Singh མཆོག གྲོང་སྡེའི་སྤྱི་ཁྱབ་པ་སོགས་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་མ་ཟད།
མཛད་སྒོའི་ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་འཕགས་བོད་གཉིས་ཀྱི་དབར་གནའ་དེང་གི་འབྲེལ་ལམ་སྐོར་པར་རིས་འགྲེམས་སྟོན་དང་། བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་འཁྲབ་སྟོན། སིམ་ལར་རྟེན་གཞི་བྱས་པའི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དང་སིམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཐུན་མོང་ནས་བོད་ཀྱི་ཐུན་མིན་རིག་གནས་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་བཞེངས་པ་བརྒྱུད་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་བཅས། །