༢༠༡༨ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ Senate Foreign Relations Committee Staff ལས་བྱེད་ཁག་གཅིག་དང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛོན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ༣༠ ཙམ་ལ་ཐོག་མར་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་བཀའ་ཤག་གི་ཡང་སྟེང་དུ་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བསྟུན། སྲིད་སྐྱོང་མཆོག་གིས་དབུས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱང་ཅན་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་མཇལ་འཕྲད་གནང་བ་མ་ཟད། དགོང་ཚིགས་གསོལ་སྟོན་ལྷན་བཞེས་གནང་འདུག སྐབས་དེར་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱང་ལྷན་བཅར་ཞུས་འདུག
དེ་ཡང་ཁོང་རྣམས་ནི་Michael Schiffer ལགས། Damian Murphy ལགས། Sajit Gandhi ལགས་བཅས་ཡིན་པ་དང་། དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛོན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱང་ཕེབས་ཡོད་འདུག