༢༠༡༨ ཟླ་ ༡༠ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཧི་མཱ་ཅལ་མངའ་སྡེའི་ཧ་མིར་པུར་ Hamirpur རྫོང་དུ་རྟེན་གཞི་བྱས་པའི་རྒྱ་གར་སྒེར་གྱི་སློབ་གྲྭ་ཆེ་བའི་HIM Academy Public School ནང་ཤེས་ཡོན་བརྗེ་ལེན་ལྷན་ཚོགས་ Round Square conference སུ་མཉམ་ཞུགས་གནང་མཁན་རྒྱ་གར་རྒྱལ་ཡོངས་དང་ཕྱི་རྒྱལ་བཅས་ནས་སློབ་གྲྭ་གྲངས་ ༡༤ དགེ་ལས་སློབ་ཕྲུག་གྲངས་ ༡༤༠ ཙམ་ལ་བཀའ་སློབ་སྩལ་དོན།
ངོས་རང་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལེགས་བཤད་དེ་དག་བརྡ་ལན་སྤྲོད་མཁན་གྱི་ཕོ་ཉ་ཞིག་ཡིན་ཞེས་བརྗོད་བཞིན་ཡོད། ལུས་པོ་འདི་བོད་རིགས་རེད། རྒྱ་གར་བ་མ་རེད། (ཞལ་ཤོབ་མཛད།) འོན་ཀྱང་ངོས་ཀྱིས་ཆུང་བྱིས་པའི་སྐབས་ནས་དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་ལྟ་གྲུབ་དང་ཚད་མ་རིག་པ། དེ་བཞིན་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་སློབ་སྦྱོང་བྱས་པ་རེད། ལེགས་བཤད་དེ་དག་ནཱ་ལེནྡཱ་ནས་བྱུང་བ་ཞིག་ཡིན། ནཱ་ལེནྡཱའི་མཁས་པའི་དབང་པོ་རྣམས་ཀྱིས་ལེགས་བཤད་དེ་དག་སྲོལ་གཏོད་པ་ཞིག་རེད། མཁས་པ་དེ་དག་གིས་བརྩམས་པའི་གཞུང་ལུགས་དེ་དག་ང་ཚོས་སློབ་དེབ་ཀྱི་ཚུལ་དུ་སློབ་སྦྱོང་བྱེད་བཞིན་ཡོད། དེར་བརྟེན་བསམ་བློའི་ཐོག་ནས་ཁྱེད་ཚོ་ལས་ཀྱང་ངོས་རང་རྒྱ་གར་བ་གཤའ་མ་ཞིག་ཆགས་ཡོད། (སླར་ཡང་ཞལ་ཤོབ་མཛད་) རྒྱ་གར་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཙོ་བོར་དམིགས་ནས་ཤེས་ཡོན་སློབ་གསོ་སྤྲོད་རྒྱུའི་ལམ་སྲོལ་དེ་ཨིན་ཇིས་ཐོག་མར་གསར་གཏོད་བྱས་པ་ཞིག་རེད། དེ་འདྲ་མ་རེད་དམ། (ཞལ་ཤོབ་ཀྱི་ཚུལ་དུ་བཀའ་རྩད་མཛད་) རྒྱ་གར་གྱི་ལེགས་བཤད་དེ་དག་ཆེས་གནའ་རབས་ཡིན་པ་ཙམ་དུ་མ་ཟད། དེང་དུས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ནང་དུའང་ལེགས་བཤད་དེ་དག་འབྲེལ་བ་ཧ་ཅང་ཡོད་པ་ཞིག་རེད་འདུག
ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པ་ཧ་ཅང་གསལ་པོ་རེད། རྙོག་དྲ་འདོད་མཁན་སུ་གཅིག་ཀྱང་མེད། འོན་ཀྱང་དབུལ་ཕྱུག་བར་ཁྱད་སོགས་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་གྱིས་མཚོན་རྙོག་དྲ་མང་དག་ཅིག་ཡོང་བཞིན་པ་དེ་དག་མིས་བཟོས་པ་ཤ་སྟག་རེད།
ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་ར་སྤྲོད་བྱས་ཡོད། འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་མི་ཡིན་པ་གཅིག་གྱུར་རེད། ང་ཚོ་ཚང་མ་མའི་མངལ་ནས་སྐྱེས་ཤིང་མས་ནུ་ཞོ་སྣུན་པ་སོགས་བྱམས་བརྩེའི་འོག་ནས་འཚར་ལོངས་བྱས་པ་ཤ་སྟག་རེད། འོན་ཀྱང་འཚར་ལོངས་བྱུང་རྗེས་ང་ཚོས་རིམ་བཞིན་གཞི་རྩའི་བྱམས་བརྩེའི་རིན་ཐང་དེ་དག་དྲན་པའི་ཡུལ་ནས་བརྗེད་པ་ལྟ་བུ་བྱས་ནས་མི་ཚེའི་དགོས་དོན་གཙོ་བོ་དངུལ་གསོག་རྒྱུ་དང་། དབང་ཆ་དང་གཏམ་སྙན་གྲགས་ཐོབ་རྒྱུ་ཁོ་ན་དོན་གཉེར་བྱེད་ནས་འགྲོ་བཞིན་ཡོད། ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ན་དོན་དུ་གཉེར་བཞིན་པའི་དེང་དུས་ཤེས་ཡོན་ལམ་ལུགས་དེས་ཀྱང་ང་ཚོའི་བསམ་བློར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་མ་ཟད་རང་རྒྱལ་གཞན་ཕམ་གྱི་བློ་དེ་ཤུགས་ཆེ་རུ་གཏོང་བཞིན་ཡོད།
ད་ཆ་ཆོས་དེའང་ཕན་ཚུན་དབྱེན་སྦྱོར་གྱི་རྒྱུར་སོང་ནས་ཁ་ཆེ་དང་ཡི་ཤུ། ཁ་ཆེ་རང་གི་ནང་དུའང་ཤི་ཡ་ Shia དང་སུན་ནི། Sunni དབར་མི་མཐུན་པའི་གནས་སྟངས། དེ་བཞིན་ཐབས་སྡུག་པ་ཞིག་ལ་འབར་མའི་ Burma ནང་ལ་མཚོན་ན་ནང་པ་དང་ཁ་ཆེའི་དབར་གྱི་རྙོག་དྲ་དེ་དག་བློ་ཡུལ་ལས་འདས་པ་ཞིག་རེད། བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་སྟོན་མཁན་ཆོས་དེ་ཉིད་རྙོག་དྲ་བཟོ་མཁན་ཞིག་ཆགས་པ་རེད། དེའི་རྒྱུ་མཚན་གང་ཡིན་ནམ། གནས་སྟངས་ཐབས་སྡུག་དེ་དག་མཐོང་སྐབས་རྒྱ་གར་ནང་གི་གནས་སྟངས་ཐོག་བསམ་བློ་ཞིག་བཏང་བ་ཡིན་ན་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེ་རྒྱ་གར་ནང་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད། གཞི་རྩའི་ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ནའང་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ལོ་ངོ་ ༣༠༠༠ ཙམ་ནས་དར་སྲོལ་ཡོད། རྒྱ་གར་རང་གི་ནང་དར་འཕེལ་བྱུང་བའི་གྲངས་ཅན་པ་ Samkhya དང་རིག་བྱེད་མཐའ་པ་ Vedanta སོགས་གཞི་རྩའི་ཆ་ནས་གྲངས་ཅན་པའི་ལྟ་གྲུབ་ནས་དར་བ་ཞིག་རེད། ལྟ་གྲུབ་དེ་དག་ལོ་ངོ་༣༠༠༠རིང་ནས་དར་ཡོད། དེ་བཞིན་རྒྱལ་བ་པ་ Jiana དང་ནང་པ་སངས་རྒྱས་པ་དེ་དག་རྒྱ་གར་རང་གི་ཆོས་ལུགས་རེད།
དེ་ནས་རིམ་བཞིན་ཇིའུ་དང་ཡེ་ཤུ། ཁ་ཆེའི་ཆོས་ལུགས། ཛོ་ར་ཨས་ཊིན་Zoroastrian ཆོས་ལུགས་དེ་དག་ཕྱི་ནས་རྒྱ་གར་ནང་དར་ཁྱབ་བྱུང་བ་རེད། གྲོང་ཁྱེར་མུམ་བྷེ་རུ་ཛོ་ར་ཨ་སི་ཊིན་རྗེས་འབྲང་པ་འབུམ་གཅིག་ཙམ་ཡང་མེད། མི་འབོར་གྱི་ཆ་ནས་ཧ་ཅང་ཉུང་ཉུང་ཡིན་ཡང་ཡེ་ཤུ་དང་ཧིན་དུ། ཁ་ཆེ་སོགས་ས་ཡ་མང་པོ་ཡོད་པའི་ཁྲོད་པར་སི་ Parsi དེ་དག་ཞི་བདེ་བག་ཕེབས་ངང་གནས་བཞིན་འདུག
ལྷག་པར་ཁོང་ཚོས་ཁྲོད་ནས་གཟེངས་སུ་འཐོན་པའི་ཚོང་པ་དཔེར་ན། སྐུ་ཞབས་ཇམ་ཤེད་ཊ་ཊ་Jamsetji TaTa ལྟ་བུའང་བྱུང་ཡོད། ཕྱོགས་མཚུངས་རྒྱ་གར་གྱི་རྐང་དམག་སྤྱི་ཁྱབ་ Field Marshal མ་ནིག་ཤཱ་ Manekshaw ཁོང་ཡང་པར་སི་ Parsi རེད། རྒྱ་གར་ངོ་མ་ཟེར་ན་འདི་འདྲ་ཞིག་དགོས། དངོས་གནས་ངོ་མཚར་ལྡན་པ་རེད། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་ཕན་ཚུན་བཟོད་བསྲན་ངང་མཉམ་གནས་ཐུབ་མཁན་ནི་རྒྱ་གར་ཡུལ་འདི་ཁོ་ན་ཡིན། འཛམ་གླིང་གཞན་ལའང་མིག་དཔེར་འོས་པ་ཞིག་ཡིན།
ཕྱོགས་མཚུངས་བློའི་རྣམ་གཞག་དང་བྱེད་ལས་ལ་དཔྱད་པ་བྱེད་པ་བརྒྱུད་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་ཐབས་ལམ་ལ་མཚོན་ནའང་རྒྱ་གར་ནང་ལོ་ངོ་སུམ་སྟོང་རིང་ནས་དར་བའི་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་ཡོད། སངས་རྒྱས་རང་ཉིད་ཀྱང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་སྲུང་སྐྱོབ་མཛད་མཁན་ཞིག་ཡིན།
ངོས་རང་ས་གནས་གང་དུ་སྐྱོད་ཀྱང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་ལ་གཞི་བཅོལ་ནས་སེམས་ནང་གི་ཞི་བདེ་གོང་འཕེལ་གཏོང་ཐབས་སྐོར་ཤོད་བཞིན་ཡོད། སེམས་ནང་དོན་དམ་གྱི་ཞི་བདེ་གོང་འཕེལ་གཏོང་དགོས་ན་སྨོན་ལམ་རྒྱག་རྒྱུ་དེའང་ཆ་ཤས་གལ་ཆེ་ཞིག་ཡིན་ཡང་དེ་ཙམ་གྱིས་འདང་རྒྱུ་མེད། བློའི་འགྲོ་སྟངས་དང་རྣམ་རྟོག་ལ་དཔྱད་པ་བྱེད་དགོས། དེར་བརྟེན་ངོས་རང་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལེགས་བཤད་དེ་དག་བརྡ་ལན་སྤྲོད་མཁན་གྱི་ཕོ་ཉ་ཞིག་ཡིན་བསམ་པ་དྲན་བཞིན་ཡོད།
ཐ་སྙད་ཀྱི་དབང་དུ་བྱེད་ཀྱང་ངོས་རང་རྒྱ་གར་ནང་དུས་ཡུན་རིང་ཤོས་སྡོད་མཁན་རྒྱ་གར་གཞུང་གི་མགྲོན་པོ་ཞིག་ཡིན་སྟབས་ངོས་ཀྱི་ལས་འགན་ཞིག་ཡིན་པར་བརྗོད་ཆོག (ཞལ་ཤོབ་མཛད་) ལོ་ཤས་རིང་ནས་ངོས་ཀྱིས་འདི་ལྟར་བརྗོད་བཞིན་ཡོད། ངོས་ཀྱི་ལུས་པོར་མཚོན་ན་རྒྱ་གར་གྱི་འབྲས་དང་བག་ལེབ་ལ་བརྟེན་ནས་འཚོ་ཞིང་། ནང་གི་ཤེས་པར་མཚོན་ན་གོང་དུ་བརྗོད་པ་ལྟར་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱའི་ལེགས་བཤད་རྗེས་འབྲང་བ་ཞིག་ཡིན་སྟབས་ལུས་སེམས་གང་གི་ཆ་ནས་ངོས་རང་རྒྱ་གར་བ་ཞིག་ཡིན། དེར་བརྟེན་དེང་སྐབས་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་བརྗོད་བཞིན་ཡོད།
སྐབས་ཤིག་ཕྱི་རྒྱལ་གནས་སྡོད་རྒྱ་རིགས་གསར་འགོད་པ་ཁག་གཅིག་དང་ཐུག་སྐབས་གསར་འགོད་པ་གཅིག་གིས་ངོས་ལ་ “ཁྱེད་རང་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་བརྗོད་དགོས་དོན་གང་ཡིན་ནམ་”ཞེས་དྲིས་བྱུང་། གསར་འགོད་པ་དེས་ཕལ་ཆེར་ཆབ་སྲིད་ཀྱི་བསམ་བློའི་ཐོག་ནས་དྲི་བ་དེ་ངོས་ལ་བཏང་བ་འདྲ་བྱུང་། སྐབས་དེར་ངོས་ཀྱིས་ལུས་སེམས་གང་གི་ཆ་ནས་ངོས་རང་རྒྱ་གར་བ་ཡིན་པའི་སྒྲུབ་བྱེད་བཀོད་སྟབས་ཁོང་ཡིད་ཚིམས་པ་ལྟ་བུ་བྱུང་། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་སྩལ་དོན།
ངོས་ཀྱི་ལས་འགན་དང་པོ་དེ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་གཞི་རྩའི་མིའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་ཡོན་ཏན་དེ་དག་གོང་མཐོར་གཏོང་བ་བརྒྱུད། རིས་མེད་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་འདི་ཡིན།
ལས་འགན་གཉིས་པ་ནི་ངོས་རང་ནང་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད།
ལས་འགན་གསུམ་པ་ནི་ངོས་རང་བོད་མི་ཞིག་ཡིན་པ་དང་ལྷག་པར་ཏཱ་ལའི་བླ་མའི་མིང་ཞིག་ཡོད་སྟབས་བོད་མི་ཚོས་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། ངོས་ལ་རེ་བ་ཆ་ཚང་བཅོལ་བཞིན་ཡོད་སྟབས་ངོས་ལའང་བོད་སྤྱིའི་དོན་དུ་ལས་ཀ་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ཡོད་པ་རེད། དེར་བརྟེན་ངོས་ཀྱིས་གང་ཐུབ་བྱེད་བཞིན་ཡོད། འོན་ཀྱང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ལས་འགན་དེ་སྔ་ ༢༠༡༡ ལོ་ནས་ངོས་ཀྱིས་མཚམས་བཞག་ཟིན་པར་བརྟེན་ད་ཆ་བོད་མིའི་ཆབ་སྲིད་ཀྱི་འགན་དེ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་འགན་འཁྱེར་བཞིན་ཡོད།
ངོས་ཀྱི་ད་ཆ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གནས་སྟངས་ཐོག་ཤུགས་རྒྱག་བཞིན་ཡོད། སྐབས་རེ་རྒྱ་ནག་གཞུང་གིས་དངུལ་གྱི་དོན་དུ་ཤིང་སྣ་གང་བྱུང་གཅོད་འབྲེག་བྱེད་བཞིན་འདུག ཕྱོགས་མཚུངས་ངོས་ཀྱིས་གོང་དུ་བརྗོད་པ་ལྟར་བོད་དུ་ཡོད་པའི་རྒྱ་གར་གྱི་ལེགས་བཤད་དེག་དག་ཉམས་གསོ་བྱ་རྒྱུ་རེད། སངས་རྒྱས་ཀྱི་བསྟན་པ་མ་དར་གོང་བོད་ཀྱི་སྐད་ཡིག་དེ་གདོད་མའི་སྐད་ཡིག་རེད། དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཇི་ལྟར་གདན་ཞུས་མཛད་པ་ལྟར་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས་རྒྱལ་པོར་སངས་རྒྱས་ཀྱི་བཀའ་བསྟན་དེ་དག་བོད་སྐད་ནང་ཕབ་སྒྱུར་དགོས་པའི་ལམ་སྟོན་གནང་བ་ལྟར་ཆོས་རྒྱལ་ནས་ཀྱང་གཞུང་ལུགས་དེ་དག་བོད་སྐད་ནང་བསྒྱུར་བ་མཛད་ཡོད། གཞུང་ལུགས་དེ་དག་གཙོ་ཆེར་ལེགས་སྦྱར་སྐད་ཡིག་ཐོག་ཡོད།
རྒྱལ་བའི་བཀའ་བསྟན་དེ་དག་ལེགས་སྦྱར་ནས་བོད་སྒྱུར་བྱེད་འགོ་བརྩམས་པར་བརྟེན་ཐ་སྙད་གསར་བཟོ་མང་པོ་བྱུང་ཐུབ་པ་རེད། དེར་བརྟེན་ད་ཆ་ལེགས་སྦྱར་གྱི་སྐད་དང་ཐག་ཉེ་ཤོས་བོད་སྐད་ཆགས་ཡོད། བཀའ་འགྱུར་དང་བསྟན་འགྱུར་ཁྱོན་པོ་ཏི་སུམ་བརྒྱ་ཡོད་པ་དེ་དག་ཕལ་ཆེ་བ་ལེགས་སྦྱར་སྐད་ནས་བསྒྱུར་བ་ཤ་སྟག་རེད། གཞུང་འགའ་ཤས་པཱ་ལིའི་སྐད་ནས་བོད་སྐད་དུ་བསྒྱུར་བའང་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་བདག་གཅེས་བྱེད་པ་དེ་དོན་དངོས་རྒྱ་གར་གྱི་རིག་གཞུང་རྩ་ཆེ་ཞིག་བདག་པོ་བརྒྱབ་པ་དང་མཚུངས་པ་རེད།
ངོས་ཀྱི་ལས་འགན་བཞི་པ་འདི་ཁྱེད་ཚོ་དང་འབྲེལ་བ་ཡོད། ངོས་ཀྱིས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་གནའ་བོའི་ལེགས་བཤད་ཡིན་པ་ཙམ་དུ་མ་ཟད། ད་ལྟའི་འཛམ་གླིང་ནང་འབྲེལ་བ་ཧ་ཅང་ཡོད་པ་མཐོང་བྱུང་། ད་ལྟའི་འཛམ་གླིང་ནང་ཚན་རིག་ཡར་རྒྱས་ལ་བརྟེན་ནས་ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་འཛོམས་ཡོད་ཀྱང་སེམས་ངལ་སོགས་ནང་གི་བསམ་བློའི་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་འདུག དཀའ་ངལ་དེ་དག་སེལ་ཆེད་རྒྱ་གར་གནའ་རབས་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ཕན་ཐོགས་ཧ་ཅང་ཡོད་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་ཡོད་འདུག
དེ་ཡང་Round Square ཞེས་པའི་ཚོགས་པ་དེ་ནི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ལྔ་བཅུའི་ནང་སློབ་གྲྭ་ ༢༠༠ ནང་ཡོད་པ་དང་། ཚོགས་ཆུང་དེ་ཐོག་མར་སྐུ་ཞབས་ Kurt Hahn ཟེར་བ་སི་ཀོཌ་ལེན་ཌི་Scotland ཡུལ་མི་ཤེས་ཡོན་ཅན་དེས་གསར་འཛུགས་གནང་ཞིང་། བསྟི་གནས་ཁང་དེའི་ལྟ་གྲུབ་གཙོ་བོ་རྒྱལ་སྤྱིའི་བསམ་བློ་རྒྱ་སྐྱེད་དང་། མང་གཙོ་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་། སྤྱི་ཚོགས་ཞབས་ཞུ་བཅས་ཡིན་འདུག ལྟ་གྲུབ་དེ་དག་བྱམས་བརྩེ་དང་བཟོད་བསྲན། རང་ཁྲིམས་སྲུང་བ་བརྒྱུད་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་འདུག་པ་བཅས།།