༢༠༡༨ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༤ སྔ་དྲོ་ཉི་ཧོང་ Japan དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཡོ་ཁོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད།
ཕྱི་ཚེས་ ༡༥ སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ཚན་རིག་མཁས་པ་གསུམ་གྱིས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་བགྲོ་གླེང་མཛད་རྒྱུ་དང་།
ཕྱི་ཚེས་ ༡༧ ཉིན་ཤེས་རབ་སྐྱེད་ཚལ་གླིང་གིས་གོ་སྒྲིག་འོག་ཧེ་བྷི་ཡ་ཚོགས་ཁང་ Hibiya Open Air Concert Hall ནང་དུ་ “ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་” ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་རྒྱུ་དང་།
ཕྱི་ཚེས་ ༡༨ ཉིན་ཤེས་རབ་སྐྱེད་ཚལ་གླིང་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཟླ་ ༡༢ ཚེས་ ༣ ནས་ ༥ བར་རྒྱ་གར་བྱང་ཕྱོགས་ཨུ་ཏར་པར་དེ་ཤི་མངའ་སྡེའི་Uttar Pradesh ནང་རྟེན་གཞི་བྱས་པའི་སན་ཀི་ས་རུ་(Sankisa)ནང་པའི་གཞོན་ནུའི་ཚོགས་པས་(Youth Buddhist Society )ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་།
ཕྱི་ཟླ་ ༡༢ ཚེས་ ༢༨ ནས་ ༣༡ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག དེ་ཡང་ཕྱི་ཚེས་ ༢༨།༢༩།༣༠ བཅས་ཀྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོར་སྩལ་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་མཛད་རྗེས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུའི་ཞལ་བཞེས་ཐོབ་རུང་། ཆོས་སྐོར་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པས་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་རིགས་རྣམས་ཆོས་གྲལ་དུ་མི་ཕེབས་པ་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་འཇགས་ཡོད་པ་ཞུ།
ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག