ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་ལོ་འཁོར་རྩེད་འགྲན་ཐེངས་ཉེར་བརྒྱད་པའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཞོར་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་དང་། ཧར་པུར་དབུས་བོད་མིའི་སློབ་གྲྭ། མ་སུ་རི་གཏན་སློབ། སེ་ལ་ཀུའི་བོད་ཁྱིམ། བདེ་སྐྱིད་གླིང་སཾ་བྷོ་ཊ་ཉིན་སློབ། མངོན་དགའ་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལྷན་བཅར་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༡༠ ཉིན་དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་མ་སུ་རི་བོད་ཁྱིམ་དུ་ཕེབས་འབྱོར་སྐབས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་གཙོས་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན། ལས་བྱེད་རྣམས་ནས་ཕེབས་བསུ་ཞུས་ཏེ། ཕྱི་ཉིན་ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་རྩེད་འགྲན་ཐེངས་ཉེར་བརྒྱད་པའི་སྐུ་མགྲོན་གཙོ་བོར་ཕེབས། འོན་ཀྱང་དེ་ཉིན་སྔ་དྲོ་ནས་ནམ་མཁའ་སྤྲིན་གྱིས་དཀྲིགས་ནས་ཆར་ཟིམ་རྒྱག་བཞིན་ཁང་ཚན་ཁག་གི་རུ་བསྟར་ལས་རིམ་གྲུབ་མཚམས། བཀའ་བློན་མཆོག་གིས་རྩེད་འགྲན་གྱི་དར་ཆ་སྒྲེང་འཛུགས་དང་སྦྲགས་རྩེད་འགྲན་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་རྗེས་ཆར་ཞོད་ཆེ་རུ་ཕྱིན་ཏེ་རྩེད་འགྲན་དངོས་སུ་འགོ་འཛུགས་གནང་ཐུབ་མེད། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་དང་། ཉལ་ཁང་སློབ་ཕྲུག་དང་བོད་རིགས་དགེ་རྒན་རྣམས་ལ་གསུང་བཤདགནང་།
ཉིན་རྒྱབ་ཆུ་ཚོད་ ༢ ཐོག་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚེ་རིང་སྒྲོལ་མའི་ཚོགས་ཁང་ཆེན་མོའི་ནང་སློབ་ཕྲུག་དང་། དགེ་ལས། ཁྱིམ་ཚང་ཕ་མ་བཅས་ཚང་འཛོམས་སར། མ་སུ་རི་བོད་ཁྱིམ་དྲུང་ཆེ་ནས་ཕེབས་བསུའི་འཚམས་འདྲི་དང་ཁྱབ་ཁོངས་སློབ་ཁག་དང་སྡེ་ཚན་ཁག་གི་གནས་སྟངས་ངོ་སྤྲོད་གནང་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ཐོག་མར་རྩེད་འགྲན་དང་འབྲེལ་བའི་གསུང་བཤད་གནང་དོན། རྩེད་མོ་རྩེ་བའི་སྐབས་སུ་རྒྱལ་ཁ་ཐོབ་པ་ལས་མཉམ་ཞུགས་ཡག་པོ་གནང་རྒྱུ་དེ་གལ་ཆེ་བ་ཡིན་སྟབས། སློབ་ཕྲུག་ཕན་ཚུན་ཕྲག་དོག་དང། ཁོང་ཁྲོ། འཇིགས་ཞུམ་མེད་པར། བཟང་སྤྱོད་དང་གཟི་བརྗིད་དང་ལྡན་པ། སྒྲིག་ཁྲིམས་སྲུང་བརྩི་བྱས་པའི་སྒོ་ནས་མཉམ་ཞུགས་ལེགས་པར་གནང་དགོས་སྐོར་གསུངས།
དེ་ནས་དགེ་སློབ་ཡོངས་ལ་གནད་དོན་གསུམ་ཐོག་གསུང་བཤད་གནང་དོན། དང་པོ། བཀའ་བློན་མཆོག་གི་རང་གི་མི་ཚེའི་ཉམས་མྱོང་དང་སྦྲགས་ནས་སློབ་གྲྭའི་ནང་བཞུགས་པའི་སྐབས་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་།
དེ་ཡང་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཡིན་པ་ཤེས་པའི་ཐོག་ནས་སློབ་གྲྭའི་ནང་དུས་ཚོད་དང་གོ་སྐབས་དམ་འཛིན་བྱེད་དགོས་པ། ཤེས་ཡོན་ཐོག་སྦྱང་བརྩོན་བྱས་རྗེས་མ་འོངས་པར་རང་གི་འཚོ་བ་དང་མི་ཚེ་སྐྱེལ་ཐབས་ཙམ་མ་ཡིན་པར་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་རྒྱུའི་སྐོར་དང་།
གཉིས་པ། བོད་ཀྱི་སྐད་ཡིག་གལ་གནད་དང་འབྲེལ་བཀའ་བློན་མཆོག་གིས། བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གི་འཆར་གཞི་ངན་པའི་འོག་བོད་མི་རིགས་ཀྱི་མངོན་འདོད་ལས་འགལ་བའི་སྔོན་འགྲོའི་སློབ་གྲྭ་དང་གཏན་འཇགས་སློབ་གྲྭ་བཅས་གསར་འཛུགས་གནང་བ་བརྒྱུད། བོད་ཀྱི་སྐད་ཡིག་མེད་པ་བཟོ་རྒྱུའི་ཐབས་བྱུས་དང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དང་།
ཕྱི་རྒྱལ་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་བཟང་པོ་མེད་པ། བཙན་བྱོལ་ནང་རང་དབང་ཡོད་པར་བརྟེན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་དང་། ལྷག་པར་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་དེ་བཞིན་མི་ཉམས་རྒྱུན་འཛིན་སླད་སློབ་ཕྲུག་ནང་ཁུལ་དང་དགེ་སློབ་དབར། ཁྱིམ་ཚང་དུ་ཕ་མ་ལྷན་དུ་བོད་སྐད་གཙང་མ་རྒྱག་རྒྱུ་འབད་བརྩོན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་སྐོར་གསུངས།
གསུམ་པ། དཔེ་དེབ་ལྟ་ཀློག་གི་གལ་གནད་སྐོར་ཁོང་གིས། དཔེ་དེབ་ལྟ་ཀློག་བརྒྱུད་མིང་ཚིག་ཕྱུག་ཏུ་འགྲོ་བ་དང་། གནད་དོན་གསར་པ་མང་པོ་ཤེས་རྟོགས་བྱུང་བ་བརྒྱུད་ཤེས་ཚད་ཡར་རྒྱས་འགྲོ་བ། གཞན་ལ་བསམ་ཚུལ་བརྗོད་ཐུབ་པ་སོགས་ཀྱི་ཁེ་ཕན་མང་པོ་ཡོད་སྐོར་དང་། རྒྱུན་དུ་དཔེ་དེབ་འདེམས་སྒྲུག་བྱེད་སྐབས་སྒྲུང་དེབ་ཁོ་ན་མ་ཡིན་པར་བརྗོད་གཞི་འདྲ་མིན་གྱི་དཔེ་དེབ་ལྟ་ཀློག་དགོས་པ་མ་ཟད། རང་ཉིད་ཀྱི་དཔེ་དེབ་ལྟ་ཀློག་གི་གནས་ཚད་ལས་ཅུང་གནས་ཚད་མཐོ་བའི་དཔེ་དེབ་ལྟ་ཀློག་དགོས་པ། དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བཟང་པོ་དེ་བཞིན་སློབ་གྲོགས་གཞན་ལའང་འཇགས་ཐབས་བྱེད་དགོས་སྐོར་གསུངས།
གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་ད་ལྟའི་བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་པ་བཞིན། ཤེས་ཡོན་དང་འབྲེལ་བའི་ལས་འཆར་སྣ་ཚོགས་སྤེལ་བ་དང་། རོགས་དངུལ་ཐབས་འཚོལ་གྱིས་སློབ་གྲྭ་ཁག་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱས་པ་བརྒྱུད་ཁོར་ཡུག་ཡར་རྒྱས་བཏང་བ། དགེ་རྒན་རྣམས་ནས་མཐུན་རྐྱེན་དེ་དག་དུས་ཀྱི་དགོས་མཁོ་དང་འཚམས་པའི་བེད་སྤྱོད་བྱེད་དགོས་པ་དང་། དགེ་རྒན་ནང་ཁུལ་འབྲེལ་ལམ་དང་མཉམ་རུབ་ཀྱི་སྒོ་ནས་ཤེས་ཚད་དང་ཆེད་ལས་ཡར་རྒྱས་གཏོང་དགོས་སྐོར།
འཛིན་རིམ་བཅུ་པ་དང་བཅུ་གཉིས་སློབ་ཕྲུག་རྣམས་ལ་ཡིག་རྒྱུགས་གྲ་སྒྲིག་གནང་ཕྱོགས་དང་འབྲེལ་ཟས་རིགས་སྤྱོད་ཚུལ་དང་འཕྲོད་བསྟེན་ལ་དོ་སྣང་ཡག་པོ་བྱེད་དགོས་པ་དང་། སེམས་བག་ཕེབས་ཤིང་བློ་བདེ་པོར་བཞུགས་དགོས་པ། ཡིག་རྒྱུགས་ལ་སེམས་ཁྲལ་བྱེད་པ་ལས་ལྷག་གྲ་སྒྲིག་ཆེད་དུས་ཚོད་གཏོང་དགོས་སྐོར་གསུངས་གྲུབ་མཚམས་ཁྱིམ་ཚང་ཁག་གཅིག་དང་སློབ་གྲྭའི་སྡེ་ཚན་ཁག་གཅིག་ལ་གཟིགས་ཞིབ་གནང་།
དེ་ནས་ཕྱི་ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་ཏེ། སློབ་གྲྭའི་སྡེ་ཚན་ཁག་གཅིག་ལ་གཟིགས་ཞིབ་གནང་རྗེས་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་རྩེད་འགྲན་ཐེངས་བཅོ་ལྔ་པའི་སྐུ་མགྲོན་གཙོ་བོར་ཕེབས། སྐབས་དེར་བཀའ་བློན་མཆོག་གིས་དགེ་རྒན་དང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང། ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་བདེ་སྐྱིད་གླིང་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ནས་ལྡེ་ར་ལྡུན་ཁོངས་གཏོགས་ས་གནས་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་གི་སྐོར་ངོ་སྤྲོད་ཞུས།
དེ་ནས་སཾ་བྷོ་ཊ་ཉིན་སློབ་ཏུ་སློབ་ཕྲུག་དང་དགེ་ལས་རྣམས་ནས་རྔ་རོལ་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་ཚོགས་ཁང་ནང་ཕེབས་ཏེ་དགེ་སློབ་དང་ཕ་མ་རྣམས་ལ་གསུང་བཤད་གནང་། སྐབས་དེར་བཀའ་བློན་མཆོག་གིས་སློབ་ཕྲུག་དང་ལྷན་དུ་སྐད་ཡིག་དང་འབྲེལ་བྱེད་སྒོ་ཁག་གཅིག་ཀྱང་སྤེལ། དེ་རྗེས་མངོན་དགའ་སློབ་གྲྭར་འཚམས་གཟིགས་སྐབས། འགན་འཛིན་གྱིས་གཙོས་ལས་བྱེད་རྣམས་ནས་ཕེབས་བསུ་ཞུས། མངོན་དགའ་སློབ་གྲྭའི་འགན་འཛིན་ནས་ལས་བསྡོམས་སྙིང་བསྡུས་སྙན་སེང་ཞུས་རྗེས་འཛིན་ཁང་དང་། ཁྱིམ་ཚང་དུ་ཕེབས་ཏེ་སློབ་ཕྲུག་རྣམས་མཇལ་འཕྲད་གནང་། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་ལྡེ་ར་དྷུན་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ཕེབས་འབྱོར་གནང་།
གཞན་ཡང་ཕྱི་ཚེས་ ༩ ཉིན་དགོང་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་འབྱོར་གནང་རྗེས་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སློབ་གྲྭའི་རྒྱལ་སྒོ་མདུན་ནས་རྔ་གླིང་དང་བཅས་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་དང་། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་སློབ་གྲྭའི་ཚོགས་ཁང་ནང་སློབ་སྤྱི་ནས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།
སློབ་ཕྲུག་ཁག་གཅིག་ནས་གཏམ་བཤད་དང་། འཛིན་གྲྭ་ཁག་གཅིག་ནས་རིགས་ལམ་རྟགས་གསལ་བཅས་སྤྱན་འབུལ་ཞུས་རྗེས་ཤེས་རིག་བཀའ་བློན་མཆོག་གིས་དགེ་ལས་སློབ་ཕྲུག་དང་ས་གནས་མི་མང་བཅས་ལ་གསུང་བཤད་དང་། དེ་རྗེས་སྔོན་འགྲོ་དང་གཞི་རིམ་གོང་འོག་བར་གསུམ་གྱི་འཛིན་གྲྭ་དང་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཧར་བཊ་པུར་དབུས་བོད་མིའི་སློབ་གྲྭར་ཕེབས་འབྱོར་སྐབས་འདོད་རྒུ་གཡུལ་རྒྱལ་གླིང་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། སློབ་གྲྭའི་སློབ་སྤྱི། བོད་རིགས་དགེ་རྒན། སློབ་ཕྲུག ཉལ་ཁང་ལས་བྱེད་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་སློབ་གྲྭའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཕྲུག་དང་། བོད་ཕྲུག་རྣམས་ལ་གསུང་བཤད་གནང་། དེ་ནས་ཉལ་ཁང་གི་མཐུན་རྐྱེན་ཁག་ལ་གཟིགས་ཞིབ་གནང་བ་བཅས། །