༢༠༡༨ ཟླ་ ༡༠ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ལྷོ་ཨ་མི་རི་ཀའི་གླིང་ཆེན་གྱི་ཅི་ལི་ Chile ཡུལ་ནས་གྲོས་ཚོགས་འཐུས་མི་བརྒྱད་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་མ་ཟད། གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཀྱིས་གཙོས་བཀའ་བློན་རྣམས་དང་མཇལ་འཕྲད་གནང་འདུག
དེ་ཡང་སྐུ་ཚབ་ཚོགས་ཆུང་གི་དབུ་ཁྲིད་གུ་ཡངས་ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་ Vlado Mirosevic Verdego མཆོག་གིས་དབུ་ཁྲིད་ནས་བཀའ་ཤག་ཏུ་ཕེབས་སྐབས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཕེབས་བསུའི་འཚམས་འདྲི་གནང་འདུག དེ་རྗེས་བཀའ་བློན་རྣམས་དང་བཀའ་མོལ་གནང་སྐབས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ལྷན་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་སྤྱི་དང་། ལྷག་པར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་སྐོར་བཀའ་མོལ་གནང་འདུག
བཀའ་ཤག་ཏུ་མཇལ་འཕྲད་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་མཇལ་འཕྲད་གནང་འདུག
ཕྱི་ཚེས་ ༢༩ རེས་གཟའ་ཟླ་བའི་ཕྱེད་ཡོལ་སྐུ་མགྲོན་རྣམས་ལ་བཀའ་ཤག་གི་ཚོགས་ཀང་དུ་དགོང་ཚིགས་ཤིག་ཀྱང་ཕུལ་འདུག