༢༠༡༨ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཨ་རིའི་ས་གནས་པོཌ་ལེན་ Portland ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་བཙུགས་ནས་ལོ་ ༢༥ འཁོར་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་ལོ་བཅུ་གཅིག་འཁོར་བ་བཅས་དུས་ཆེན་གཉིས་འཛོམས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་མཛད་སྒོར་ཕེབས་ནས་གསུང་བཤད་གནང་འདུག
དེ་ཡང་མཛད་སྒོའི་ཉིན་གཅིག་སྔོན་ཏེ་ཕྱི་ཚེས་ ༡༩ ཉིན་སྐུ་ཚབ་དོན་གཅོས་ས་གནས་ཀྱི་གནམ་ཐང་དུ་འབྱོར་མཚམས་བོད་རིགས་སྤྱི་མཐུན་ཚོགས་གཙོ་པདྨ་ཆོས་འཕེལ་ལགས་དང་ཚོགས་གཞོན་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གཙོས་རྒྱུན་ལས་ཁག་གཅིག་གིས་ནས་ཕེབས་བསུ་ཞུས་འདུག ཕྱི་ཚེས་ ༢༠ ཉིན་མཛད་སྒོར་ཕེབས་ནས་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ་དང་། ལྷག་པར་ཕ་མ་དང་རྒན་པ་ཚོས་དམིགས་བསལ་ཐུགས་འགན་བཞེས་ནས་གཞོན་སྐྱེས་ཚོར་བོད་ཀྱི་ཐུན་མིན་སྐད་ཡིག་དང་། ཡ་རབས་བཟང་སྤྱོད་གཞི་རྩར་གྱུར་བའི་ཡུལ་གོམས་གཤིས་ལུགས་དེ་དག་ལམ་སྟོན་དགོས་གལ་ཆེ་སྐོར། དེ་བཞིན་བོད་མི་རྣམས་ཀྱིས་དུས་རྒྱུན་དུ་སོ་སོ་རང་ཉིད་བོད་མི་ཞིག་ཡིན་པ་དེ་མ་རྗེད་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་འདི་རང་ཉིད་ཀྱི་གཞུང་ངོ་མ་ཡིན་བསམ་པའི་འདུ་ཤེས་རྒྱུན་བཅང་དགོས་གལ་སྐོར་གསུངས།
ཕྱོགས་མཚུངས་བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་ཀྱིས་ཉེ་ཆར་རྡ་སར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་གྲོས་ཆོད་གཏན་འབེབས་བྱུང་བའི་ཁྲིམས་སྐོར་གསུངས། པོཌ་ལེན་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པའི་ཚོགས་གཙོ་པདྨ་ཆོས་འཕེལ་ལགས་ནས་ས་གནས་ཀྱི་ལོ་འཁོར་ལས་བསྡོམས་དང་ཚོགས་པ་ངོ་སྤྲོད་གནང་། སུ་སི་ Swiss དང་སྦོ་སེ་ཏྲོན། Boston སེ་ཡ་ཊལ་ Seattle སོགས་ནས་མགྲོན་འབོད་བྱེད་པའི་བོད་ཀྱི་ཟློས་གར་ཚོགས་པའི་གཞས་པ་གཞས་མ་ཟུར་པ་ཁག་གཅིག་ནས་གཞས་སྣ་འཁྲབ་སྟོན་གནང་། ཨ་རིར་གཞིས་སྤོའི་ལས་གཞིའི་ཁོངས་ནས་ས་གནས་སུ་འབྱོར་བའི་བོད་མི་རྣམས་ཀྱི་སྦྱིན་བདག་ཡུལ་མི་རྣམས་མགྲོན་འབོད་ཞུས་ནས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་རྟགས་རེ་ཕུལ་འདུག
ཕྱོགས་མཚུངས་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་པོཌ་ལེན་ Portland ནས་ཁེ་ན་ཌ་ཝན་ཁུ་ཝར་ Vancouver ཕེབས། གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འགྱུར་མེད་ལགས་དང་རྒྱུན་ལས་ཁག་གཅིག་གིས་ཕེབས་བསུ་ཞུས། དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༦ ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་ལོ་བཅུ་གཅིག་འཁོར་བ་བཅས་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ནས་གསུང་བཤད་གནང་།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འགྱུར་མེད་ལགས་ཀྱིས་ལས་བསྡོམས་སྒྲོག་སྦྱངས་གནང་སྐབས། ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ས་ཁུལ་ནས་བོད་མི་ཉིས་བརྒྱ་ལྷག་ཙམ་ཝན་ཁུ་ཝར་Vancouverས་གནས་སུ་གཞིས་སྤོས་ཞུ་ཐུབ་སླད་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བའི་སྐོར་ཞིབ་ཕྲ་འཁོད་འདུག
ལས་བསྡོམས་ནང་གསལ་ལྟར་ན་བོད་རིགས་སྤྱི་མཐུན་ཚོགས་པས་གཞིས་སྤོ་བ་རྣམས་ས་གནས་སུ་མ་འབྱོར་གོང་སྔོན་ཚུད་ནས་སྦྱིན་བདག་ཐབས་འཚོལ་དང་། དངོས་སུ་ས་གནས་ལ་འབྱོར་སྐབས་སྡོད་གནས་དང་ཞལ་ལག་བཅས་སྣེ་ལེན་ཁང་གསར་འཛུགས་ཐོག་ནས་ཐབས་འཚོལ་གནང་བ་མ་ཟད། དེ་རྗེས་ཁོང་ཚོར་ལས་ཀ་འཚོལ་ཐབས་ཆེད་དགོས་ངེས་ཡིག་ཆ་གྲ་སྒྲིག་བྱ་རྒྱུ་སོགས་མཐུན་འགྱུར་རོགས་རམ་ཇི་དགེ་གནང་ཡོད་འདུག དེ་བཞིན་གསར་དུ་གཞིས་སྤོས་གནང་བའི་བོད་མི་དེ་དག་བོད་རིགས་སྤྱི་མཐུན་ཚོགས་པའི་ནང་ཚོགས་མི་གཞན་ལྟར་སྤྱི་མཚུངས་ཚོགས་ཞུགས་བྱས་པ་མ་ཟད། སྤྱི་མཐུན་ཚོགས་པའི་རྒྱུན་ལས་ནང་བརྩོན་འགྲུས་ལགས་དང་ཆོས་སྐྱིད་སྒྲོལ་མ་ལགས་གཉིས་འོས་འདེམས་ཡང་བྱུང་ཡོད་འདུག
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༦ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ནས་གསར་དུ་གཞིས་སྤོས་གནང་བའི་བོད་མི་ཉིས་བརྒྱ་ལྷག་ཡོད་པ་དེ་དག་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ནས་གསོལ་ཚིགས་ཞིག་ཕུལ་བ་བརྒྱུད་ཐུགས་རྗེ་ཆེ་ཞུས་ཡོད་འདུག ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་འགྲོ་གྲོན་ལྷག་མ་ཁེ་སང་ཨ་སྒོར་ལྔ་སྟོང་ཙམ་ཡོད་པ་དེ་དག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འགྱུར་མེད་ལགས་སུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་ཉོའི་ཆེད་ཞལ་འདེབས་གནང་ཡོད་འདུག
གོང་གི་ས་གནས་གཉིས་སུ་ཨ་རིའི་སྐུ་ཚབ་དོན་གཅོད་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་བསྟན་འཛིན་ཚེ་དཔག་ཡང་མཉམ་བཅར་ཞུས་ཡོད་པ་བཅས།།