ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་མངའ་སྡེ་མ་ཧ་ར་ཤི་ཀྲ། (Maharashtra) དང་། གྷོ་ཝ། (Goa) ནང་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ཉིན་ནས་རྒྱ་གར་གུ་ཇུ་རཏ་ (Gujurat) མངའ་སྡེའི་ནང་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་གུ་ཇུ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝི་ཇཱེ་རུ་པཎི་ (Sh.Vijay Rupani, Honorable Chief Minister of Gujarat) མཆོག་གིས་གུ་ཇུ་རཏ་མངའ་སྡེའི་རྒྱལ་ས་གན་དྷི་ནཱ་གྷར་ (Gandhinagar) ནང་རྟེན་གཞི་བྱས་པའི་འཛིན་སྐྱོང་བསྟི་གནས་ཁང་ (Sachivalaya,Sardar Bhavan) དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྣེ་ལེན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་འདུག་པ་དང་། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ནཱི་ཏིན་བཡེ་པ་ཊིལ་ (Sh. Nitinbhai Patel, Deputy Chief Minister of Gujarat) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག
དེ་རྗེས་གུ་ཇུ་རཏ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨོམ་པར་ཀཱ་ཤི་ཀོ་ལི་ (Shri.Om Prakash Kohli,Honorable Governor of Gujarat) མཆོག་དང་མཇལ་འཕྲད་ཀྱིས་བཀའ་མོལ་ལྷུག་པོ་གནང་ཡོད་པ་དང་། དེའི་སྐབས་སྐུ་ཞབས་ཁོང་གིས་བོད་པའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་། རིག་གཞུང་རྒྱུན་འཛིན་གནང་ཐུབ་དགོས་པ་དང་། ལྷག་པར་དུ་བོད་པའི་མི་རབས་གཞོན་པ་ཚོའི་ནང་དེ་དག་མི་ཉམས་པར་གནས་ཐུབ་དགོས་སྐོར་གསུངས་འདུག
དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ར་ཇིན་དཱར་ཊིརི་ཝི་ཌི་ (Sh.Rajendra Trivedi,Honorable Speaker of Gujarat Vidhansabha (Legislative Assembly)) མཆོག་གིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་སྣེ་ལེན་མཇལ་འཕྲད་གནང་བ་ཙམ་མ་ཟད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་འཁྲིད་གནང་ཡོད་འདུག
ཕྱོགས་མཚུངས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་མངའ་སྡེའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཀྱི་ཤོག་ཁག་འགོ་འཁྲིད་སྐུ་ཞབས་བྷ་རཏ་སིང་ཇི་ཤཱང་ཀར་ཇི་ད་བྷི་ (Mr. Bharatsinhji Shankarji Dabhi,Whip of the Ruling Party at the Assembly) མཆོག་དང་། མངའ་སྡེའི་ནུས་ཤུགས་དང་འཕྲོད་བསྟེན་བློན་ཆེན་ཟུར་པ་དང་། ར་ཇཱ་གྷོཊ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷོ་ཝིན་ཌི་པ་ཊིལ་ (Mr.Govind Patel,Former Minister for Energy and environment and MLA Rajkot) མཆོག
སུ་རཏ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པུར་ནཱི་ཤི་མོ་དྷི་ (Mr.Purnesh Modi (MLA Surat)) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་མཇལ་དར་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་གནང་ཡོད་འདུག
དེ་ནས་སྤྱི་འཐུས་རྣམས་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇཱི་ཏུ་ཝ་གྷ་ཎི་ (Mr.Jitu Vaghani President of State BJP Party) ལགས་དང་། མངའ་སྡེའི་བྷི་ཇེ་པི་གཞོན་ནུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རུཏ་ཝི་ཇཱི་པ་ཊིལ་ (Mr. Rutvij Patel, President BJP Youth Wing) ལགས། དེ་བཞིན་ཚོགས་པའི་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་འདུག
མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇཱི་ཏུ་ཝ་གྷ་ཎི་ལགས་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ། གཞན་དཔོན་རིགས་ཁག་མཇལ་འཕྲད་གནང་རྒྱུའི་ཐད་མཐུན་འགྱུར་རོགས་རམ་གཙོ་བོ་གནང་ཡོད་པ་དང་། དེ་བཞིན་ཚོགས་པའི་ངོས་ནས་ལས་བྱེད་གཅིག་ལ་འབྲེལ་མཐུད་པའི་ལས་འགན་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་ཆེས་མཐོའི་དཔོན་རིགས་ཁག་མཇལ་འཕྲད་གནང་རྒྱུར་རོགས་རམ་གང་ལེགས་གནང་ཡོད་འདུག་པ་མ་ཟད། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ཟླ་ ༡༠ ཚེས་ ༡༠ དགོང་མོ་གཞུང་འབྲེལ་དུས་ཆེན་ (Navratri Festival) སྲུང་བརྩིའི་ཐོག་སྐུ་མགྲོན་དུ་གདན་ཞུས་གནང་ཡོད་པ་དང་། དེའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། སྤྱི་ཁྱབ་བློན་ཆེན་གཞོན་པ་སོགས་དཔོན་རིགས་མང་དག་ཅིག་ཀྱང་མཉམ་ཞུགས་གནང་འདུག
དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མཱིཏ་ཅཝེ་དྷ་ (Mr. Amit Chavda, President of Pradesh Congress) ལགས་དང་། ཚོགས་པའི་དྲུང་ཆེ་སྐུ་ཞབས་ཧི་མཱན་ཤུ་ཝི་པ་ཊིལ་ (Mr.Himanshu V. Patel, General Secretary) ལགས། གཞན་ཚོགས་པའི་མགྲིན་ཚབ་པ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་མིན་ཚོགས་པའི་གསར་འགྱུར་འགོད་མཁན་ཁག་གཅིག་དང་མཇལ་འཕྲད་ཀྱིས་དེར་ཕེབས་དགོས་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་འདུག་པ་བཅས། །