ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་བྷི་ཇེ་པེ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེའི་ལམ་སེའི་གྷལ་ (Shrimati Neelam Sehgal, BJP President of Mahila Morcha) མཆོག་དང་འཇལ་འཕྲད་གནང་ཡོད་འདུག
དེ་རྗེས་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཏི་རེའི་བྷེན་དྷི་ར་སིང་ར་ཧོ་ཐུ་ (Shri Trivendra Singh Rawat, Chief Minister of Uttarakhand) མཆོག་དང་། མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་བྷ་བྷེའི་ར་ནའི་མོ་རའི་ཡ་ (Shrimati Baby Rani Maurya, Governor of Uttarakhand) མཆོག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཆེན་མོ་སྐུ་ཞབས་ཨོ་ཐུ་པལ་ཀུ་མར་སིང་ (Shri Utpal Kumar Singh, Chief Secretary of Uttarakhand) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་རྩི་ཞུ་བཞིན་ཡོད་པ་ལྟར།
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་ནམ་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཕུལ་གནང་ཡོད་འདུག
སྐབས་དེར་མཇལ་འཕྲད་གནང་བའི་རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་དང་། གཞུང་འཛིན་དཔོན་རིགས་ཡོངས་ནས་ ༧གོང་ས་མཆོག་གི་མཛད་འཕྲིན་ལ་ཡི་རངས་དང་། བོད་མི་ཡོངས་ལ་དགའ་གུས་ཀྱི་རྣམ་པ་དང་། ཐབས་ཤེས་གང་ཡོད་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རྣམ་པ་ཤུགས་ཆེན་བསྟན་ཡོད།
དེ་བཞིན་མཇལ་འཕྲད་སྐབས་སྡེ་ར་ལྡུན་ས་གནས་འགོ་འཛིན་སྐལ་ལྡན་ནོར་བུ་ལགས་དང་། ལས་དྲུང་ཡེ་ཤེས་བསྟན་འཛིན་ལགས་རྣམ་གཉིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལྷན་དུ་བཅར་གནང་ཡོད་འདུག་པ་བཅས། །