ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་ལས་གྲུབ་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྒང་ཏོག་ཁུལ་དུ་ཕེབས་འབྱོར་གནང་སྟེ་མངའ་སྡེའི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་དགོངས་དོན་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢ ཉིན་གོང་གསལ་སྤྱི་འཐུས་རྣམ་པ་བཞི་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ལྡི་ལི་ནས་སྒང་ཏོག་ཏུ་ཕེབས་ཐོན་གྱིས་དགོང་དྲོའི་ཆུ་ཚོད་ ༨ སྟེང་ས་གནས་སུ་ཕེབས་འབྱོར་བྱུང་ཞིང་། ས་གནས་སུ་འབྲེལ་ཡོད་ས་འཐུས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༦ གི་སྐུ་ཚབ་བཅས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ སྟེང་སྒང་ཏོག་རྒྱལ་སའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕུན་ཚོགས་ཆོས་འཕེལ་ (Pintso Chopel Lepcha) ལགས་དང་། ཆུ་ཚོད་ ༡༡ སྟེང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གངྒ་པྲ་སཏ་ (Shri Ganga Prasad, Governor Of Sikkim) མཆོག དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༢ སྟེང་འབྲས་ལྗོངས་མངའ་སྡེའི་དྲུང་ཆེ་ཚེ་རྒྱལ་བཀྲ་ཤིས་(Shri Tsegyal Tashi, IAS Secretary-cum-State Relief Commissioner) ལགས་བཅས་དང་མཇལ་འཕྲད་ལྷུག་མོལ་གྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བརྟན་བཟུང་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་འབྲེལ་མོལ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་བཅས་ཀྱི་ཐད་སྔར་ལྷག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཡིག་ངག་གཉིས་ནས་ཞུས་གནང་ཡོད་འདུག་པ་དང་། འབྲེལ་ཡོད་དཔོན་རིགས་ཚོས་ཀྱང་༧གོང་ས་མཆོག་གི་ཡང་དག་པའི་རླབས་ཆེན་དགོངས་གཞི་རྣམས་ལ་རྟག་ཏུ་དད་གུས་ཡི་རངས་ཀྱིས་མཚོན། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རོགས་ཕན་གང་ནུས་སྔར་ལྷག་ཞུ་ངེས་ཀྱི་ཞལ་བཞེས་བཟང་པོ་ཐོབ་གནང་ཡོད་འདུག་པ་བཅས། །