ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་ ༡༧ ས་ཕོ་ཁྱི་ལོ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ ཧྲིལ་པོ་འཁོར་བའི་དུས་དྲན་དང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་པ་ཕུལ།
དེ་རྗེས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་འབྲེལ་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་བསྟུན། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་པ་མཆོག དཔལ་ལྡན་བོད་མི་མང་ཚོགས་གཙོ་མཆོག་དང་རྒྱུན་ལས་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ། ཕྱག་སྦྲེལ་བཀའ་བློན་རྣམ་པ། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ liason Officer གཙོས་པས་རྒྱ་གར་གྱི་སྐུ་མགྲོན་རྣམ་པ། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ ཧྲིལ་པོ་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཕེབས་པའི་མི་མང་དང་དགེ་ལས་སློབ་ཕྲུག་ཡོངས་ལ་ཐོག་མར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཁོངས་རུས་པའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཐོག་མར་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ནས་ཐུགས་འགན་བཞེས་པའི་ཐོག་ནས་བུ་བཅོལ་ཁང་ནས་འགོ་བཛུགས་ཀྱིས་ལོ་ ༥༨ རིང་ལ་བོད་ཁྱིམ་ཐོག་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་མང་པོ་ཞིག་ཡོད། དམིགས་བསལ་ཤེས་ཡོན་ཐོག་ནས་བརྗོད་ན། ད་ལན་གྱི་ལས་བསྡོམས་གཞིར་བཟུང་འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་དང་། མཐོ་སློབ་ཐོན་མཁན། དེ་བཞིན་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་རེད། ཕྱི་ལོ་ ༢༠༡༡ ལོར་བཀའ་ཤག་སྐབས་ ༡༤ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་དུའང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཟུར་པ་ལས་བྱེད་གནང་མཁན་ལོ་ལྟར་མང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད། འདི་ནི་གནས་ཚུལ་བཟང་པོ་ཞིག་རེད། ཅེས་ཞུ་རྒྱུ་ཡིན།
དེ་ཡང་གོང་དུ་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་གསུང་པ་ལྟར་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཟུར་པའི་ཁྲོད་པདྨ་དབྱངས་ཅན་མཆོག་བཀའ་བློན་གནང་མཁན་ཐེངས་དང་པོ་ཆགས་བསྡད་ཡོད། དེ་ཡང་པདྨ་དབྱངས་ཅན་མཆོག་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ནང་ཕེབས་པའི་རྗེས་སུ་བཀའ་ཤག་ནང་བཀའ་སྡུར་གནང་རྒྱུ་དང་། ཕྱག་ལས། དམིགས་བསལ་ཤེས་རིག་ཐོག་ནས་འགན་བཞེས་སྟངས། དེ་བཞིན་ལས་དོན་གང་ཅིའི་ཐད་ལ་ཡར་རྒྱས་འགྲོ་བཞིན་འདུག ཁོང་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚང་མས་མིག་དཔེར་གཟིགས་རྗེས་མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་གྱི་ཕྱག་ལས་གནང་མཁན་མང་པོ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་དེ་རིང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཀྱང་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་དེ་གལ་ཆེན་པོར་བརྩི་དགོས་དོན་ཚང་མས་མཁྱེན་གསལ་ལྟར། རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བོད་དང་བོད་མིར་བཀའ་དྲིན་ཆེ་བའི་རྒྱལ་ཁབ་གཞན་སུ་ཡང་མེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ཡོད། དེ་རྗེས་མ་སུ་རི་དང་། དེ་ནས་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་འཁོད་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གསར་འཛུགས་མཛད།
རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་ཧ་ལས་པ་གནང་བ་དེ་དག་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན། དེར་བརྟེན་བཞུགས་སྒར་དུ་རྒྱ་གར་གཞུང་མང་དང་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་། དེ་བཞིན་ཉེ་ལམ་སིམ་ལ་བཅས་སུ་རྒྱ་གར་དབུས་སའི་གཞུང་མང་བཅས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
ཕྱོགས་མཚུངས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུའང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད། ལས་འགུལ་དེ་ལྟར་སྤེལ་བར་བརྟེན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་དོན་ཐོག་རང་བཞིན་གྱིས་གོ་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། ཅེས་སོགས་གསུང་བ་མ་ཟད། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ངོ་སྤྲོད་སྙིང་བསྡུས་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་ནས་བརྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ལུང་འདྲེན་ཞུས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྔའི་ནང་བོད་ཀྱི་གནད་དོན་གསལ་ཐབས་ཆེད་འབད་བརྩོན་གང་ཡོང་བྱ་རྒྱུ་ཙམ་མ་ཟད། ཅི་སྟེ་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་ཀྱི་གནད་དོན་མུ་མཐུད་ལྷག་ཀྱང་དེར་གཞིགས་པའི་ད་ལྟ་ནས་གང་བྱེད་དགོས་པ་དང་། གང་བྱེད་ཐུབ་པའི་འཆར་གཞི་ཞིག་དགོས་པ་མཐོང་ནས་བཀའ་ཤག་གི་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་ལྔ་དང་ལྔ་བཅུའི་ཆབ་སྲིད་ལྷན་ཚོགས་དང་། འདི་ལོའི་ཟླ་ ༨ ནང་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས། དེ་བཞིན་ཕྱི་ཟླ་ ༩ ནང་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཀྱི་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་པའི་སྐབས་དགོངས་ཚུལ་གང་བྱུང་བ་རྣམས་འགྲེམས་སྤེལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་།
དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་བྱམས་མགོན་ཀྭན་ཏིང་ཀྭའི་སི་ཏུ་པ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ཇི་ལྟར་གལ་ཆེ་ཡིན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དེ་ཧ་ལས་པ་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད། གཞན་གྱི་སྐད་ཡིག་ཤེས་པ་ཡིན་ན་རྒྱན་ཡིན། འོན་ཀྱང་སོ་སོའི་མི་རིགས་ཀྱི་སྐད་ཡིག་མ་ཤེས་པ་ཡིན་ན་མ་འགྲིག་པ་རེད། སྤྱི་ཚོགས་གང་དུའང་བོད་སྐད་མི་ཤེས་ཀྱང་ལས་ཀ་བྱེད་ཐུབ་རྒྱུ་རེད། འོན་ཀྱང་བོད་ཀྱི་སྐད་ཡིག་མི་ཤེས་པར་བརྟེན་ཆ་རྐྱེན་ཚང་བ་ཞིག་ཆགས་མ་ཐུབ་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་དོན་དུ་༸སྐུ་ངལ་ཇི་ལྟར་བསྐྱོན་གནང་མཛད་པ་དེ་དག་རྟག་ཏུ་ཡིད་ལ་དྲན་གསོ་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་ཕྲུག་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་ལག་བསྟར་ཐུབ་པ་ཞིག་བྱེད་དགོས།
འཛམ་བུ་གླིང་འདིའི་སྒང་སྐྱབས་བཅོལ་བའམ་བཙན་བྱོལ་བ་མང་པོ་ཡོད་པའི་ནང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ང་ཆོ་བོད་རིགས་རྣམས་གཞན་དང་མི་འདྲ་བ་འབུར་དུ་ཐོན་ཡོད། སྐབས་རེ་ལས་དོན་གཞན་ལ་མགོ་བོ་འཁོར་ནས་རང་ཉིད་ཀྱི་ངོ་བོ་དེ་བརླག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ཐུ་མི་སམ་བྷོ་ཊས་མཛད་པའི་བོད་ཀྱི་སྐད་ཡིག་དེ་ང་ཚོས་ངེས་པར་དུ་བདག་གཅེས་བྱེད་དགོས། སྐད་ཡིག་ཡོད་པའི་ལུང་པ་ཡིན་ན་ལུང་པ་དེའི་ལོ་རྒྱུས་གང་ཡོད་པ་རྣམས་སྐད་ཡིག་དེའི་ཐོག་ནས་ཁུངས་ལྡན་དང་གོ་བ་གཏིང་ཟབ་ཡོང་ཐུབ། དཔེར་ན། སྒྲུང་ལ་སོགས་པ་དེ་དག་ཧ་ཅང་སྙན་པོ་ཡོད་ནའང་ཁུངས་ལུང་དང་གོ་བ་གཏིང་ཟབ་པོ་ཡོད་པར་ངོས་འཛིན་བྱེད་རྒྱུ་མེད། བོད་ལ་ཡི་གེ་བྱུང་བ་ནས་བཟུང་བོད་ཀྱི་ལོ་རྒྱུས་དང་རྒྱལ་རབས་ལ་སོགས་གཏིང་ཟབ་པོ་དང་ཁུངས་ལྡན་ཞིག་ཆགས་ཐུབ་པ་བྱུང་ཡོད།
སྔར་གྱི་ཐ་སྙད་རྙིང་པ་རྣམས་ལ་འགྱུར་བཅོས་མ་བྱེད་པར་དེ་མུར་གཞག་དགོས་པ་ཧ་ཅང་གནད་འགག་ཆེན་པོ་མཐོང་བཞིན་འདུག དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་སོགས་བོད་སྐད་ནང་བསྒྱུར་ཆེད་ཐ་སྙད་གསར་བཟོ་བྱེད་བཞིན་པ་དེ་དག་འགྲིག་པ་རེད་བསམ་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན། ཞབས་ལོ་ཉི་ཤུ་འཁོར་བའི་ལས་བྱེད་རྣམས་ལ་གཟེངས་བསྟོད་དང་ཤེས་ཡོན་གྱི་བྱ་དགའ།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ལོའི་རྡ་སྟེང་བོད་ཁྱིམ་གྱི་བུ་དང་བུ་མོའི་སློབ་མ་རྩེ་ཕུད་བུའི་སྤྱི་ཁྱབ་རྒན་བདག་དང་བུ་མོའི་སྤྱི་ཁྱབ་རྒན་བདག་གཉིས་ལ་ལེགས་སྐྱེས་གཟེངས་བསྟོད་གནང་ཡོད། མཐར་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་དབྱིབས་ཅན་འདྲ་མིན་གྱི་ལུས་རྩལ་སོགས་རྩེད་རྗེས་རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།