ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་
དེབ་དེ་ནི་བོད་རྒྱ་ཨིན་གསུམ་གྱི་སྐད་ཡིག་ནང་པར་སྐྲུན་གནང་འཆར་ཡོད་འདུག དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་སྐོར་གསུང་དོན། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐོག་འཁྱོག་བཤད་བྱེད་ནས་འཛམ་བུ་གླིང་མགོ་བོ་རྨོངས་ཐབས་ཇི་ཙམ་བྱེད་ཀྱང་། ཇི་སྲིད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་དངོས་ཡོད་ལོ་རྒྱུས་གསལ་འདོན་བྱེད་པ་དེ་སྲིད་དུ་བོད་དོན་ལས་འགུལ་མུ་མཐུད་གནས་ཐུབ་རྒྱུ་རེད། དེར་བརྟེན་ཐེངས་འདིར་དེབ་འདི་འདྲ་ཞིག་དབུ་འབྱེད་གནང་བ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་ལས་འགུལ་རྒྱུན་སྐྱོང་ཆེད་འབད་བརྩོན་མུ་མཐུད་བྱེད་བཞིན་པ་མཚོན། ” ཞེས་གསུངས།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། “དེབ་འདིའི་ནང་ལེ་ཚན་དགུ་ཡོད་པ་ནི།
༡ ༽ འབར་བཞིན་པའི་བོད། བོད་ནས་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱས་པ།
༢ ༽ ལོ་རྒྱུས་ཐོག་བོད་ཀྱི་གནས་བབས།
༣ ༽ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།
༤༽ བོད་ནང་དུ་བོད་མིའི་རིག་གཞུང་རྩ་མེད་བཟོས་པ།
༥ ༽ བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་སྟངས།
༦ ༽ བོད་ནང་དཔལ་འབྱོར་ཡར་རྒྱས་ཟེར་བ་དང་དོན་དངོས་གནས་སྟངས།
༧ ༽ རྒྱ་གཞུང་གི་བོད་ནང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞི།
༨ ༽ བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཀྱི་ལམ་ལུགས།
༩ ༽ དབུ་མའི་ལམ་གྱི་སྲིད་བྱུས། བཅས་ཚན་པ་དགུ་ཡོད།
ང་ཚོས་དམིགས་ཡུལ་ལྟར་དེབ་འདི་ནི་ཕྱོགས་ཡོངས་ཀྱི་གནས་སྟངས་རྒྱུད་ལོན་ཐོག་ནས་ནང་དོན་གོ་བདེ་པོ་ཞིག་ཡོད། སྤྱིར་ལེ་ཚན་རེ་རེའི་ཐོག་ཞིབ་ཚགས་འགྲེལ་བརྗོད་བྱེད་ཚེ་དེབ་རེ་ལོངས་ཐུབ་ཀྱང་བརྗོད་གཞི་དེ་དག་ཐོག་དེ་སྔ་ནས་མང་པོ་ཞིག་བྲིས་ཟིན་ཡོད། འོན་ཀྱང་ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམས་སྤེལ་གནང་རྒྱུའི་དེབ་འདིས་བོད་དོན་ལ་དོ་སྣང་ཡོད་མཁན་དང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་བ་རྣམས་ལ་རྒྱབ་ལྗོངས་ཀྱི་གནས་སྟངས་རྒྱུས་ལོན་ཆེད་ཕན་ཐོགས་ཡོང་ངེས་ཡིན།” ཞེས་གསུངས།
གཞན་ཡང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཞུ་གཏུག་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་”འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་ཐོག་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་དེར་འགྱུར་བ་འགྲོ་བཞིན་ཡོད་ཀྱང་རྒྱ་དཀར་ན་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་མུ་མཐུད་ལྷག་པ་མ་ཟད། གནད་དོན་རྩ་འགངས་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་བགྲོ་གླེང་དེས་བོད་དོན་དང་འབྲེལ་བའི་གནད་དོན་ཁག་གཅིག་ཐོག་གོ་རྟོགས་སྤེལ་ཐུབ་རྒྱུ་མ་ཟད། བོད་ཀྱི་གནད་དོན་དང་འབྲེལ་བའི་དོགས་འདྲི་ཁག་ལ་གསལ་བཤད་ཡོང་ཐུབ་རྒྱུ་རེད། “ཅེས་གསུངས།