ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༦ རེས་གཟའ་སྤེན་པ་ཉིན་ཕ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་ Tibet Study Group ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐབས་ ༡༥ པ་དེ་བསྐྱར་འཛུགས་གནང་ཐུབ་པ་བྱུང་འདུག
དེ་ཡང་ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པ་འདིའི་ནང་ཕ་རན་སིའི་ཆབ་སྲིད་ཚོགས་པ་མི་འདྲ་བ་བཞིའི་གྲོས་ཚོགས་འཐུས་མི་གྲངས་ ༡༧ ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་འདིའི་ཚོགས་གཙོའི་ཐུགས་འགན་ནི་ La République en Marche ཞེས་པའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ཛ་བྷེཏ་ Élisabeth Toutut-Picard ལགས་ཀྱིས་བཞེས་གནང་གི་ཡོད།
ལྕམ་སྐུ་ཨེ་ལི་ཛ་བྷེཏ་ལགས་ནི་གྲོས་ཚོགས་འཐུས་མི་གསར་པ་ཞིག་ཡིན་ཞིང་། དེ་སྔ་ཁོ་མོས་བོད་མིའི་སྤྱི་ཚོགས་ནང་འཚམས་གཟིགས་གནང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ནང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་མཇལ་འཕྲད་གནང་མྱོང་བ་དང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་ཕེབས་མྱོང་ཡོད།
ད་ལོ་ཕ་རན་སིའི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་ཁོང་གིས་ཐུགས་འགན་གཙོ་བཞེས་ཐོག་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཐུབ་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ཁོང་གིས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་མཇལ་འཕྲད་གནང་ཡོད།
གྲོས་ཚོགས་འཐུས་མི་ཁོང་གིས་ཉེ་ལམ་ཕྱི་ཟླ་ ༩ ནང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནེ་དྷར་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་ Rotterdam ནང་ཆིབས་སྒྱུར་བསྐྱངས་སྐབས་མཇལ་ཁ་ཞུས་ཡོད་པ་བཅས། །