ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐྱབས་རྗེ་བྲག་རི་རིན་པོ་ཆེ་མཆོག ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། རྡ་ས་གནས་འགོ་འཛིན། དེ་བཞིན་བཞུགས་སྒར་རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཐོག་ཨ་མ་ལྡོམ་པོ་སྐྱིད་དམ་པའི་ཞེ་དགུའི་འདས་མཆོད་སྨོན་ལམ་དང་བསྟུན། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྨོན་ལམ་གྲོལ་རྗེས་གསར་འགོད་པ་ཁག་གཅིག་གི་དྲི་བར་ལན་འདེབས་གནང་དོན།
དེ་རིང་ང་རང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་འདས་གྲོངས་སུ་ཕྱིན་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་ལ་བཅར་བ་ཡིན། ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་མཛད་སྒོ་གྲོལ་རྗེས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་ལགས། གཅུང་མོ་ལྷ་མོ་སྐྱིད་ལགས་བཅས་ཀྱིས་བོད་དོན་ཆེད་ཞི་བའི་གོམ་འགྲོས་ཕེབས་པ་མ་ཟད།
སླར་ཡང་ཕྱི་ལོ་ ༢༠༡༣ ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་གོམ་འགྲོས་ཐེངས་གཉིས་པ་འགོ་འཛུགས་ཀྱིས་རྒྱ་གར་ཤར་ཕྱོགས་ཀ་སྦུག་གཡས་གཡོན་དུ་འབྱོར་བ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།
གཞི་རྩའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་སྤྱིའི་རྩ་དོན་ཆེད་དུ་ཞི་བའི་གོམ་འགྲོས་ཐེངས་གཉིས་གནང་ཡོད་པ་དང་། ཁོང་གིས་དེབ་བཞི་བྲིས་གནང་འདུག དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་ཁོང་གི་ནང་མིས་གཙོས་བོད་སྤྱི་པའི་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་མཁན་ཡོངས་ལ་ང་ཚོས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ང་རང་འདིར་ཡོང་དགོས་དོན་ཡང་གཙོ་བོ་འདི་རང་ཡིན། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་ཟླ་ཡལ་པ་ཧྥར་ Yael Pferrer ལགས་དང་། ཕྲུ་གུ་གཉིས་ལ་བཀའ་ཤག་གིས་ལོ་ལྟར་མཐུན་འགྱུར་འོག་རྒྱ་གར་ནང་རྨོ་རྨོ་དམ་པ་ཨ་མ་ལྡོམ་པོ་སྐྱིད་ལགས་ཐུག་འཕྲད་ཆེད་ཕེབས་བཞིན་ཡོད། མ་འོངས་པར་ཡང་ང་ཚོ་བཀའ་ཤག་ངོས་ནས་མཐུན་འགྱུར་ཇི་འདྲ་ཞིག་སྦྱོར་དགོས་ཀྱང་ངེས་པར་དུ་སྦྱར་རྒྱུ་ཡིན།
ཕྲུ་གུ་གཉིས་ཀྱང་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་མཁན་ཞིག་ཆགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
ཚེ་འདས་ཨ་མ་ལྡོམ་པོ་སྐྱིད་ཁོང་གིས་བྱས་བསགས་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་། ཚེ་རབས་ཕྱི་མ་རྣམས་སུའང་གངས་ལྗོངས་ཆོས་ལྡན་ཞིང་དུ་སྐྱེ་ནས་བོད་སྤྱི་པའི་རྩ་དོན་ཐོག་མུ་མཐུད་འཐབ་རྩོད་གནང་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ད་ལྟ་ས་གནས་གང་དུ་ཡོད་མེད་ང་ཚོས་ཤེས་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
རྒྱ་ནག་གཞུང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་འཛིན་བཟུང་བྱས་ཡོད་དམ་མེད། གལ་ཏེ་ཡོད་ཚེ་ཁོང་མགྱོགས་ནས་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་།
ཕྱོགས་མཚུངས་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐུ་ཟླས་གསར་འགོད་པར་གསུང་དོན། ང་ཚོར་མཚོན་ན་དེ་རིང་ནི་ཧ་ཅང་ཡིད་སྐྱོ་བའི་ཉིན་མོ་ཞིག་རེད། ཨ་མ་དམ་པ་ཁོང་ལ་མཚོན་ན་བུད་མེད་ཉམ་ཆུང་སེམས་བཟང་ཅན་ཞིག་ཡིན་པ་མ་ཟད། མིག་དཔེར་འོས་པའི་བོད་མི་ཞིག་རེད། དམ་པ་ཁོང་གིས་ངའི་ཕྲུ་གུ་གཉིས་ལའང་བྱམས་སྐྱོང་ཧ་ཅང་གནང་གི་རེད། ང་ཚོས་ཨ་མ་ལགས་ཧ་ཅང་དྲན་ངེས་ཡིན། དེ་རིང་འདིར་མཆོད་འབུལ་སྨོན་ལམ་ལ་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། མཆོད་འབུལ་གོ་སྒྲིག་ཞུ་མཁན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་དང་རྡ་ས་ས་རྒྱུན་གཉིས་ཡིན་འདུག་པ་བཅས།།