ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༥ ཉིན་སིམ་ལར་རིཇ་ Ridge ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་དོན་ཚོགས་ཆུང་དང་། སིམ་སྤྱི་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་བོད་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་Acharya Dev Vrat མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྐུ་ཚབ་མངའ་སྡེ་གཞུང་གི་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧེནྡྲ་སིངྒ་ Mahender singh མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Virbhadra Singh མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་དོན་ཚོགས་ཆུང་དང་སིམ་སྤྱི་ལས་ཁུངས་ཐུན་མོང་གིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་བོད་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་ངོ་ ༦༠ གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལྷ་ས་དང་ཞལ་གྱེས་དགོས་བྱུང་སྟེ། བོད་ནས་ཆིབས་ཐོན་གྱིས་ལམ་བར་དཀའ་ཚེགས་ཆེན་པོས་ཉིན་གྲངས་བཅུ་བཞིའི་རྗེས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༠ ཉིན་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་པ་རེད། རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་གངས་ལྗོངས་ཆོས་ལྡན་ཞིང་ལ་དབང་སྒྱུར་བྱས་ཏེ་བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་། རིག་གཞུང་སོགས་མཉམ་བསྲེས་བྱས་དང་བྱེད་བཞིན་པ་རེད། བོད་ནང་གི་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་ནང་སློབ་ཚན་རྣམས་རྒྱ་ཡིག་བརྒྱུད་སློབ་ཁྲིད་བྱེད་བཞིན་ཡོད།
བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་སློབ་ཁྲིད། བོད་ཀྱི་ངོ་བོ་སོགས་སྲུང་སྐྱོབ་ཆེད་རྒྱ་ནག་གཞུང་ལ་རེ་སྐུལ་ཡང་ཡང་ཞུས་ཡོད། དེ་བཞིན་བོད་ནང་གི་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་ནང་སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་མེད་པར་བརྟེན། སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་གནང་ཡོད། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རྩ་ཆེ་བའི་མཚོ་སོགས་གཏོར་བཤིག་དང་། དེ་བཞིན་དཔལ་འབྱོར་བཤུ་གཞོག གཏེར་ཁ་སྔོག་འདོན། མི་རིགས་དབྱེ་འབྱེད་སོགས་བྱས་དང་བྱེད་བཞིན་པར་བོད་མི་ཚོས་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད། འདས་པའི་ལོ་ངོ་ ༦༠ རིང་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་མཐུན་སྒྲིལ་ཉིན་རེ་བཞིན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།
ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཀྱི་བདེན་མཐའ་གསལ་ཐབས་ཆེད་བོད་མི་ ༡༥༢ ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། རང་ལུས་མེར་སྲེག་གཏོང་མཁན་གྱི་མངོན་འདོད་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་ལ་རང་དབང་དགོས་ཟེར་བ་དེ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་སྤོབས་པ་དང་ལྡན་པའི་སྒོ་ནས་གསུང་གི་ཡོད། དེ་བཞིན་ང་ཚོ་བོད་པར་མཚོན་ན་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མ་ཆགས་ཡོད། ༸གོང་ས་མཆོག་གིས་ངོས་ཀྱི་ལུས་པོར་མཚོན་ན་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། ངོས་ཀྱི་ཀླད་པའི་ནང་གང་སྦྱངས་པའི་ཡོན་ཏན་དེ་དག་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་ཆགས་ཡོད། ཅེས་བཀའ་སློབ་བསྩལ་གྱི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་རྒྱ་གར་ནང་སླར་གསོ་ཡོང་བར་འབད་བརྩོན་གནང་གི་ཡོད། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་ནང་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་སྦྱོང་སའི་དགོན་སྡེ་ཁག་རྦད་དེ་ཉམས་རྒུད་དུ་ཕྱིན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མི་ཚོས་ཧུར་བརྩོན་གྱིས་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་སྦྱོང་སའི་བསྟི་གནས་དང་དགོན་སྡེ་ཁག་རྒྱ་གར་ནང་སླར་གསོ་གནང་ཐུབ་ཡོད་པ་མ་ཟད། ཧི་མཱ་ཅལ་མངའ་སྡེའི་ནང་དུའང་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་སྦྱོང་སའི་བསྟི་གནས་དང་དགོན་སྡེ་ཁག་བསྐྱར་གསོ་གནང་ཐུབ་ཡོད།
འདི་ནི་བཙན་བྱོལ་བོད་མི་ཚོས་དཀའ་བ་ཁྱད་བསད་ཀྱིས་ཧུར་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད། བཙན་བྱོལ་བོད་མི་ཚོས་རྒྱ་གར་ནི། ཕ་ཡུལ་གཉིས་པ་ཡིན་པ་ལྟ་བུ་ཚོར་གྱི་ཡོད། འོང་ཀྱང་ང་ཚོའི་ཕུགས་འདུན་ནི། བཙན་བྱོལ་བོད་མི་རྣམས་གང་མགྱོགས་རང་གི་ཕ་ཡུལ་བོད་ལ་སླར་ལོག་རྒྱུ་དེ་ཡིན། རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཉིན་ཞིག་ང་ཚོའི་ཕུགས་འདུན་དེ་བཞིན་མངོན་དུ་འགྱུར་བའི་རེ་བ་ཡོད།
ང་ཚོར་ཧི་མཱ་ཅལ་གཞུང་མང་གཉིས་ནས་ད་བར་རང་གི་ནང་མི་ལྟར་བྱམས་སྐྱོང་གནང་དང་གནང་བཞིན་ཡོད་པས། བཙན་བྱོལ་བོད་མི་ཡོངས་ནས་གཏོང་ཕོད་ཅན་གྱི་ཧི་མཱ་ཅན་མངའ་སྡེའི་གཞུང་མང་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ། ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ། རྒྱ་གར་རྒྱལ་གྱུར་ཅིག བོད་རྒྱལ་གྱུར་ཅིག ཅེས་གསུང་བཤད་གནང་། །