ཕྱི་ལོ་ ༢༠༡༨ ཟླ་༡༠ ཚེས་༡༢ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོ་སི་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷི་ར་ཐི་སི་ལ་ཝ་ Bratislava ནང་རྟེན་གཞི་བྱས་པའི་པན་ཡུ་རོབ་མཐོ་སློབ་ཁང་ Pan –European University དུ་སི་ལོ་ཝ་ཀི་ཡའི་རིག་གཞུང་བློན་ཆེན་ཟུར་པ་དང་། དགེ་ལས་སློབ་ཕྲུག་རྣམས་ལ་ད་ལྟའི་རྒྱལ་སྤྱིའི་གནས་སྟངས་དང་། དེ་བཞིན་བོད་དང་སྲིད་སྐྱོང་མཆོག་གི་མི་ཚེའི་ལོ་རྒྱུས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་པན་ཡུ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་འབུམ་རམས་པ་ལྕམ་ཡ་ཝོན་ནེ་ MgA . Yvonne Vavrova ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་རང་གི་ལས་ཁུངས་ནང་ཕེབས་བསུ་དང་འབྲེལ་པན་ཡུ་རོབ་མཐོ་སློབ་ཁང་གི་སྐོར་ངོ་སྤྲོད་རྒྱས་བཤད་གནང་།
ལྕམ་ཡ་ཝོན་ནེ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་གི་མི་ཚེའི་ལོ་རྒྱུས་སྐོར་པན་ཡུ་རོབ་མཐོ་སློབ་ཁང་གི་སློབ་ཕྲུག་རྣམས་ལ་སྒྲོགས་སྦྱང་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་པན་ཡུ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་ལྕམ་ཡ་ཝོན་ནེ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ཉིན་སི་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷི་ར་ཐི་སི་ལ་ཝ་ Bratislava ནང་ཐེངས་དང་པོ་ཕེབས་འབྱོར་གྱིས་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ལུ་སི་ཡ་དུ་རི་སི་ Lucia Duris Nicholsonova མཆོག་དང་། སི་ལོ་ཝ་ཀི་ཡའི་གྲོས་ཚོགས་འཐུས་མི་དང་སི་ལོ་ཝ་ཀི་ཡའི་ཡར་ཐོན་ཆབ་སྲིད་ཚོགས་པའི་ The Progressive Slovakia political party ཚོགས་མི་སྐུ་ཞབས་མར་ཊིན་ Martin Poliačik ལགས་ཀྱིས་སྣེ་ཁྲིད་པའི་སི་ལོ་ཝ་ཀི་ཡའི་གྲོས་ཚོགས་འཐུས་མི་ཝི་སི་ཀུ་པི་ཁི་Jozef Viskupič ལགས་དང་། གྲོས་ཚོགས་འཐུས་མི་ཌོ་སི་ཊལ་ Ondrej Dostál ལགས། གྲོས་ཚོགས་འཐུས་མི་ཝེ་ར་ Viera Dubačová ལགས་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཐུག་འཕྲད་གནང་བའི་སྐོར་དང་། དེ་བཞིན་པན་ཡུ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་ལྕམ་ཡ་ཝོན་ནེ་ལགས་དང་ཐུག་འཕྲད་ཀྱིས་ལྕམ་ཡ་ཝོན་ནེ་ལགས་ཀྱིས་འཚེ་མེད་ཞི་བ་དང་ཞི་བདེ་ལ་རྒྱབ་སྐྱོར་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ང་ཚོས་འཐབ་རྩོད་བྱེད་བཞིན་ཡོད་པ་ནི། འཚེ་མེད་ཞི་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། རང་དབང་། གྲོས་མོལ་བཅས་ཡིན། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་གི་ངང་གནས་ཡོད། རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་ནི། སི་རི་ཡ་ Syria ཡིན་ཞིང་། གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་འཁོད་འདུག འཛམ་གླིང་མི་མང་གིས་བོད་ཀྱི་གནས་སྟངས་སྐོར་རྟོགས་ཐུབ་ཀྱི་མེད་པའི་རྒྱུ་མཚན་ནི། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ Reporters without Borders ཀྱིས་སྙན་ཐོ་བཏོན་པ་ལྟར་ན། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ North Korea ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པ་ཡོད་པ་འཁོད་འདུག
རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་དང་ཤིན་ཧ་གསར་ཁང་སོགས་བརྒྱུད་རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་ཡོད་པའི་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་ཨ་ཕི་རི་ཁ་དང་ལ་ཊིན་ཨ་མེ་རི་ཁའི་ཡུལ་གྲུ་ཁག་གི་ནང་ཤུགས་ཆེ་ལྟ་བཞིན་ཡོད། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཐོག་འགྲོ་གྲོན་ཆེན་པོ་གཏོང་གི་ཡོད། བོད་ཀྱི་གནད་དོན་ནི། བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་མ་རེད། འཛམ་གླིང་མི་མང་གིས་ཐུག་འཚབ་གནང་གི་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་འཇར་མ་ནིར་རྟེན་གཞི་བྱས་པའི་མར་སི་ཊི་བྷན་ཛི་ Mercedes Benz སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་སྤྱི་ཚོགས་དྲྭ་ལམ་ Instagram སྟེང་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལུང་འདྲེན་ཞུས་ཡོད་པ་དེར་དྲྭ་ལམ་ཐོག་རྒྱ་རིགས་རྣམས་ཀྱིས་ངོ་རྒོལ་བྱས་རྐྱེན་འཕྲལ་མར་ཕྱིར་ཐེན་བྱས་ཏེ་དགོངས་དག་ཞུས་ཡོད། དེ་བཞིན་ཨ་རིའི་མ་རོ་ཊི་གསོལ་མགྲོན་ཁང་ Marriott གི་ལས་བྱེད་ཅིག་གིས་ཊི་ཝི་ཊར་དྲ་རྒྱ་ twitter བརྒྱུད་བོད་དེ་རྒྱལ་ཁབ་ཅིག་ཡིན་པར་དགའ་མོས་ཀྱི་མཆན་བཀོད་པར་བརྟེན་ཁོང་ལས་གནས་ནས་ཕྱིར་འབུད་བཏང་བ་རེད། སི་ལོ་ཝ་ཀི་ཡའི་ཡུལ་གྲུ་ནང་མི་གཅིག་གིས་རང་ལུས་མེར་སྲེག་བཏང་ཡོད། བོད་ལ་མཚོན་ན་ད་བར་བོད་མི་ ༡༥༢ ཀྱིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དུས་རྟག་ཏུ་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་དྲན་གསོའི་ཚུལ་དུ་གསུང་དོན། རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་དུ་སྤྲད་ཡོད། དེར་བརྟེན་སྐབས་དེར་བོད་མིའི་ཁ་རྒྱུན་དུ། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། །དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད། །ཅེས་ཀླུ་གཞས་གཏོང་སྲོལ་ཡང་བྱུང་བ་རེད། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོ་པ་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད། བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔ་རྒྱ་གཞུང་གིས་བོད་མི་ཚོར་སྤྲད་པའི་དངུལ་ཏཱ་ཡང་དེ་དག་ཕྱིར་བླངས་པ་ཙམ་མ་ཟད། མཐའ་ན་བོད་པའི་སྐུ་དྲག་མི་དྲག་ཚོས་རང་ཉིད་རྒྱ་ནག་གི་དབང་འོག་ནས་ཐར་ཆེད་དངུལ་ཏཱ་ཡང་ཧ་ཅང་མང་པོ་ལྐོག་ཏུ་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད། ཅེས་གསུང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་གལ་གནད་རང་བཞིན་སྐོར་གསུངས་པ་དང་སྒྲགས་སློབ་ཕྲུག་ཁག་གཅིག་གི་དྲི་བར་ལན་འདེབས་གནང་། སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚོས་བོད་དོན་ཐོག་ཐུགས་སྣང་གནང་བར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུས་ཡོད། སྲིད་སྐྱོང་མཆོག་གིས་པན་ཡུ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་འབུམ་རམས་པ་ལྕམ་ཡ་ཝོན་ནེ་ལགས་ལ་བཀའ་ཤག་གི་ཐུགས་རྗེ་ལེགས་འབུལ་གྱི་དྲན་རྟེན་ལེགས་སྐྱེས་ཤིག་ཕུལ་ཡོད་པ་དང་བཅས། །