ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༧ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པི་རག་ Prague གི་ཝ་སི་ལབ་ཧ་ཝེལ་ Vaclav Havel གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། འབྲེལ་མཐུད་པ་ཨན་ཌི་ཡ་ Andrea .svob ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི། ༢༠༠༠ ཞི་བདེའི་གླེང་སྟེགས་གོ་སྒྲིག་པ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་རྒྱུད་གཅིག་ལམ་གཅིག་ཅེས་པའི་བཞུགས་མོལ་ཚོགས་འདུའི་སྟེང་མཉམ་ཞུགས་གནང་། བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་མཁན་གཞན་དག་ནི། གསར་འགོད་པ་འཇུན་པ་པི་ལོ་uan Pablo Cardenal ལགས་དང་། རྒྱ་རིག་པ་སྨྲ་བ་མར་ཊིན་ཧ་ལ་ Spain Martin Hala ལགས། རྩོམ་པ་པོ་ཀེ་ཊེ་Kate Saunders ལགས། དེང་རབས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་བཅས་ཡིན་ཞིང་། གསར་འགོད་པ་བྷུ་རུ་ནོ་ Greg Bruno ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་སྐོར་གསུང་དོན། རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་དུ་སྤྲད་ཡོད། དེར་བརྟེན་སྐབས་དེར་བོད་མིའི་ཁ་རྒྱུན་དུ། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། །དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད། །ཅེས་ཀླུ་གཞས་གཏོང་སྲོལ་ཡང་བྱུང་བ་རེད། ཕྱིས་སུ་བོད་པ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུར་དངུལ་ཏཱ་ཡང་གི་བཟོ་གྲྭ་ཞིག་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཟོ་གྲྭ་དེ་ནས་དངུལ་ཏཱ་ཡང་བཟོས་ནས་བོད་པ་ཚོར་སྤྲད་པ་ཞིག་རེད་འདུག
རྗེས་སུ་ཁོང་ཚོས་བོད་པའི་ལག་ནས་དངུལ་དེ་དག་བསྐྱར་དུ་ཚུར་ལེན་ཐུབ་རྒྱུ་ཡིན་པ་གདེང་ཚོད་རྙེད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོ་པ་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད། བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔ་རྒྱ་གཞུང་གིས་བོད་མི་ཚོར་སྤྲད་པའི་དངུལ་ཏཱ་ཡང་དེ་དག་ཕྱིར་བླངས་པ་ཙམ་མ་ཟད། མཐའ་ན་བོད་པའི་སྐུ་དྲག་མི་དྲག་ཚོས་རང་ཉིད་རྒྱ་ནག་གི་དབང་འོག་ནས་ཐར་ཆེད་དངུལ་ཏཱ་ཡང་ཧ་ཅང་མང་པོ་ལྐོག་ཏུ་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད།
དེང་སྐབས་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཡོ་རོབ་ནང་སླེབས་ཟིན་ཡོད་སྟབས། ཁྱེད་ཚོས་རྒྱ་ནག་གཅིག་བསྡུས་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་ཁྱེད་རང་ཚོ་རང་ཉིད་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་རང་དབང་དང་གུ་ཡངས་རྩ་བ་ནས་མེད་ཁར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལའང་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཆགས་རྒྱུ་ཡིན། འདམ་ག་དེ་གཉིས་ལས་མེད། བོད་ནང་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཁྱེད་ཚོ་ལའང་དེ་ལྟར་འབྱུང་སྲིད་པ་ཞིག་རེད། བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ། གྲོས་མོལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་མཚུངས་རེད།
འཛམ་གླིང་གི་དཀའ་རྙོག་སེལ་བར་ཐབས་ལམ་གཉིས་ཡོད་དེ། དཔེར་ན་བོད་ཀྱི་ཐབས་ལམ་ནི་འཚེ་མེད་ཞི་བ་དང་། ཞི་བདེ། གྲོས་མོལ་བཅས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། གཞན་དེ་ནི་དྲག་པོའི་ཐབས་ལམ་རེད། གལ་ཏེ་ཁྱེད་ཚོས་བོད་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་མ་གནང་ཚེ། ཁྱེད་ཚོས་དྲག་པའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་པ་རེད།
བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་རང་དབང་ཁང་པས་ Freedom House index གྲངས་ཐོ་བཏོན་པའི་ནང་སི་རི་ཡའི་ Syria རྗེས་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ནི་བོད་རེད་ཅེས་འཁོད་ཡོད་པ་དང་། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ North Korea ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པ་ཡོད། ཅེས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གསུང་།
རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དྲང་བདེན་སོགས་གོང་མཐོར་གཏོང་ཆེད་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན། ཞེས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་ཆེ་མི་མང་དང་བོད་ཀྱི་གནད་དོན་གསལ་ཆེད་ཞབས་ཞུ་སྒྲུབ་བཞིན་ཡོད་པའི་སྐོར་གསུང་།
ཁྱེད་རྣམ་པ་ངའི་གཏམ་བཤད་ཆེད་དུ་ཕེབས་པ་དེས་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོར་རེ་བ་དང་སེམས་ཤུགས་སྐྱེད་པའི་བརྡ་ལན་ཞིག་གཏོང་གི་ཡོད། ཅེས་གསུངས།
དཔལ་ལྡན་སྲིད་སྐྱོང་མཆོག་དགོང་དྲོར་ ༢༠༠༠ ཞི་བདེའི་གླེང་སྟེགས་ཞེས་པའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་བཅས། །