༢༠༡༨ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཧ་ལམ་སྤྱི་ལོ་ ༢༠༡༢ ལོའི་ནང་གི་ཉིན་མོ་ཞིག་ལ། བོད་དོན་རྒྱབ་སྐྱོར་གྱི་“ལག་དེབ་སྔོན་པོ་”ཡི་ཚོགས་མི་སྟེ་ཐེ་ཝན་གྱི་གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་སྟེ་དཔེ་དེབ་གཅིག་གི་སྐོར་ལ་སྐད་ཆ་དྲིས་བྱུང་། ཁོང་གིས་བརྗོད་པའི་དཔེ་དེབ་ནི་“གངས་ལྗོངས་སུ་ཆོས་ཞུ་གཏམ་རྒྱུད། རྒྱ་བླ་མ་གཅིག་གི་ངག་རྒྱུན་ལོ་རྒྱུས་”ཞེས་པ་དེ་ཁོ་བོས་ལྟ་ཀློག་བྱ་མྱོང་མེད། ཁོང་གིས་ཁ་པར་བརྒྱུད་དེབ་དེའི་ནང་དོན་སྐོར་ལ་དོགས་འདྲི་དང་གནད་དོན་མང་དག་ཅིག་ལ་རྒྱུ་མཚན་དང་སྦྲགས་ཏེ་དགག་པ་བརྒྱབ་ཅིང་། ཁོ་བོར་དེབ་དེ་བཀླག་ནས་བསམ་ཚུལ་གང་ཡོད་གླེང་དགོས་པའི་རེ་སྐུལ་གནང་བ་དང་། དེབ་དེ་བདག་ཉར་བྱ་འདོད་མེད་ཅེས་བརྗོད་ནས་གུས་པར་བཏང་འདུག དེབ་དེ་ལག་སོན་བྱུང་འཕྲལ་ཀློག་སྐབས། ནང་དོན་མང་པོ་ཞིག་ལ་ཞྭ་སྨྱུག་གིས་རྟགས་འགོད་དང་མཉམ་དུ་ཁོང་གི་ལྟ་ཚུལ་སྐོར་ཟུར་མཆན་ཡང་མང་པོ་བཀོད་པ་མཐོང་།
ང་རང་གིས་དཔེ་དེབ་འདི་ལྟ་ཀློག་བྱས་པའི་ཚོར་སྐྱེན་ནི། དཀའ་ངལ་སྣ་ཚོགས་ལ་གདོང་ལེན་གྱིས་བོད་དུ་ནང་ཆོས་སློབ་གཉེར་ཆེད་བསྐྱོད་པའི་རྩོམ་པ་པོའི་སྙིང་སྟོབས་ལ་སེམས་འགུལ་ཐེབས་བྱུང་ལ། དེབ་ཀྱི་ནང་དོན་ཐད་བོད་མིའི་བསམ་བློའི་འཁྱེར་སོ་དང་དོན་ངོ་མའི་སྤྱི་ཚོགས་ཀྱི་གནས་བབ་ལ་གནམ་སའི་བར་ཁྱད་ཡོད་པ་ཡང་དངོས་བདེན་རེད་འདུག
དཔེར་ན། རྩོམ་པ་པོས་སྤྱི་ཡོངས་བོད་ཀྱི་སྐོར་ངོ་སྤྲོད་བྱེད་སྐབས། བོད་ཀྱི་བདག་དབང་ནི་སྐབས་དེའི་རྒྱ་ནག་རྒྱལ་དམངས་སྲིད་གཞུང་ལ་དབང་ཞིང་། རྗོད་ཚིག་ཐད་“ཀྲུང་དབྱང་སྲིད་གཞུང་”དང་། “བོད་ས་གནས་སྲིད་གཞུང་”ཟེར་བ་བཀོལ་སྤྱོད་བྱས་འདུག འོན་ཀྱང་། རྩོམ་པ་པོར་དངོས་སུ་འཕྲད་པའི་དོན་ངོ་མའི་གནས་ཚུལ་ཁག་ལ་ལྟ་སྐབས། “ཀྲུང་དབྱང་སྲིད་གཞུང་”དང་། “བོད་ས་གནས་སྲིད་གཞུང་”དབར་གྱི་འབྲེལ་བ་ཡིན་པ་ཞིག་རྩ་བ་ནས་ར་སྤྲོད་བྱ་ཐབས་བྲལ། རྒྱལ་ཁབ་གཅིག་གམ་སྲིད་གཞུང་གཅིག་གི་སྒྲོམ་གཞིའི་འོག སྐབས་དེའི་རྒྱ་ནག་རྒྱལ་དམངས་སྲིད་གཞུང་དང་། བོད་གཞུང་གཉིས་ཀྱི་འབྲེལ་བ་ནི་གཞི་རྩའི་ཁྲིམས་ལུགས་དང་དོན་ངོ་མའི་གནས་བབ་གང་གི་ཆ་ནས་ཞིབ་འཇུག་བྱས་ཚེ། བོད་འདི་“ཀྲུང་དབྱང་སྲིད་གཞུང་”ཞིག་གི་མངའ་འོག་ཏུ་“བོད་ས་གནས་སྲིད་གཞུང་”ཞིག་ཡིན་པ་ཁུངས་ལུང་འདྲེན་ཡུལ་རྩ་བ་ནས་མི་འདུག སྐབས་དེའི་རྒྱ་ནག་རྒྱལ་དམངས་སྲིད་གཞུང་གི་རྒྱ་ཡིག་ཡིག་ཆའི་ནང་བོད་གཞུང་གི་སྐོར་གླེང་སྐབས་“བོད་”དང་། “བོད་གཞུང་” ཡང་ན་“བོད་དབང་འཛིན་ལས་ཁུངས་”ལྟ་བུ་འཁོད་ཡོད་པ་ལས། ལྟོས་ས་ལྟོས་འཇོག་སྟེ་“དབུས་”ལ་ལྟོས་པའི་“ས་གནས་”ལྟོས་འཇོག་གི་ངེས་ཚིག་“བོད་ས་གནས་སྲིད་གཞུང་”ཞེས་གསལ་བའི་མིང་ཚིག་ཅིག་མཐོང་རྒྱུ་མེད། མིང་ཚིག་དེ་ནི་སྤྱི་ལོ་ ༡༩༥༡ ལོར། “གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བའི་ཡིག་ཆ་འཇོག་པའི་སྐབས་སུ་རྒྱ་དམར་སྲིད་གཞུང་གིས་བཙན་དབང་འོག་གཏན་འབེབས་བྱས་པའི་མིང་ཚིག་ཅིག་ཡིན། དེའི་རྒྱུ་མཚན་ནི་བདག་དབང་གི་གནས་བབ་ཡོད་པའི་རྒྱལ་ཁབ་བམ་སྲིད་གཞུང་ཞིག་གི་གནས་བབ་རྦད་དེ་“ས་གནས་ཀྱི་ངོ་བོའི་སྲིད་གཞུང་”ལ་མར་ཕབ་པ་ཡིན་ཅིང་། དུས་དེ་ནས་བཟུང་“བོད་ས་གནས་སྲིད་གཞུང་”ཟེར་བའི་དམིགས་བསལ་མིང་ཚིག་གསར་པ་འདི་ཐོན་པ་ཞིག་རེད།
གོང་བརྗོད་ལྟར་“གངས་ལྗོངས་སུ་ཆོས་ཞུ་གཏམ་རྒྱུད། རྒྱ་བླ་མ་གཅིག་གི་ངག་རྒྱུན་ལོ་རྒྱུས་”ཞེས་པའི་དཔེ་དེབ་འདིའི་ནང་དོན་གཞིར་བཞག་སྟེ། དོ་བདག་རྩོམ་པ་པོ་ཞིང་སུའུ་ཀྲེ་ལགས་བོད་ནང་བསྐྱོད་པའི་སྔ་རྗེས་ཀྱི་དུས་སྐབས་སུ་“རྒྱ་བོད་”གཉིས་ཀྱི་འབྲེལ་བའམ་གནས་བབ་སྐོར་འདིར་གླེང་བར་འདོད། རྩོམ་ཡིག་འདིའི་ནང་གོང་གསལ་དཔེ་དེབ་ཀྱི་ནང་དོན་ལུང་འདྲེན་བྱས་པ་ཁག་སྐབས་མཚམས་ཟུར་འདོན་བྱ་ཡུལ་གྱི་ཤོག་གྲངས་རྟགས་འདིའི་【P】ནང་ཟུར་མཆན་བཀོད་ཡོད།
ཞིང་སུའུ་ཀྲེ་ལགས་ ༡༩༡༦ ལོར་རྒྱ་ནག་ནན་ཅིང་དུ་སྐྱེས། བྱིས་པའི་དུས་ནི་རྒྱ་ནག་ཡོངས་སུ་ས་གནས་དམག་གཤེད་དཔོན་དམག་ཚོས་ཞིང་ཆེན་ཁག་སོ་སོ་དབང་འཛིན་བྱེད་པའི་རྙོག་ཟིང་ཅན་གྱི་དུས་སྐབས་ནང་འཚར་ལོངས་བྱུང་ཞིང་། ཆུང་དུས་ལུས་ལ་ནད་གཞི་ཡང་ཡང་ཕོག་པ་སྨན་པས་ཀྱང་བཅོས་མ་ཐུབ་སྟབས། རྗེས་སོར་མོ་པ་ཞིག་གི་མོ་ཕྱྭའི་ལམ་སྟོན་ལྟར་རང་ལོ་བརྒྱད་ལ་སོན་སྐབས་དགོན་པར་ཆོས་ཞུགས་བྱས་པས་ནད་གཞི་ཡང་རིམ་པས་དྲག་སྐྱེད་བྱུང་། རབ་ཏུ་བྱུང་ནས་ཆོས་མིང་དུ་པི་སུང་ཞེས་ཐོགས། ༡༩༣༣ ཟླ་ ༥ ནང་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་ནས་ཧང་ཀྲའོ་གྲོང་ཁྱེར་ནང་དུས་འཁོར་དབང་ཆེན་གྱི་བཀའ་དབང་སྩལ་སྐབས་ལས་སྨོན་དང་འབྲེལ་ནས་ཆོས་ཞུགས་བྱུང་བའི་བག་ཆགས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ལ་ཤུགས་ཆེའི་དད་མོས་སླེབས་པ་ལྟར། བོད་ཀྱི་སྐད་ཡིག་སྦྱང་འགོ་བཙུགས། ས་སྐྱ་བའི་བླ་མ་སྐལ་བཟང་ཞུ་བ་ཞིག་གིས་ཁོང་ལ་བོད་མིང་བློ་བཟང་བརྩོན་འགྲུས་ཞེས་པ་སྩལ།
༡༩༣༦ ལོར་རྒྱ་བོད་སློབ་གཉེར་ཁང་བོད་ཡིག་ཆེད་ལས་ཚན་པ་ཞིག་ནས་བསླབ་པ་མཐར་སོན་རྗེས་བོད་ནང་བསྐྱོད་རྒྱུའི་གྲབས་གཤོམ་བྱས། སྐབས་དེ་དུས་རྒྱ་ནག་ནས་བོད་ནང་འགྲོ་འོང་བྱེད་པར་འགྲོ་ལམ་ཁག་གསུམ་ཙམ་ཡོད་པ་ལས། གྲན་ཏུའུ་ནས་རྒྱུས་ཡོད་ཅན་ལ་ལམ་སྟོན་ཞུས་ཏེ་མཐར་མཚོ་ལམ་བརྒྱུད་བོད་ནང་འགྲོ་རྒྱུའི་ཐག་བཅད་འདུག
རྒྱ་བླ་མ་པི་སུང་བོད་ནང་བསྐྱོད་རྒྱུའི་འབྲེལ་ཡོད་ཕྱི་སྐྱོད་ལག་ཁྱེར་དང་ཐོངས་མཆན་གསར་ཞུའི་སྙན་ཞུ་ཕུལ་རྗེས་གྲན་ཏུའུ་གྲོང་ཁྱེར་ནང་ལན་སྒུག་བྱེད་པའི་སྐབས་ཤིག་ལ་གྲུང་ཆིང་ནས་བརྡ་ཐོ་འབྱོར་དོན་ལྟར། ༡༩༣༧ ཟླ་ ༤ ཚེས་ ༢༧ ཉིན་གྲན་ཏུའུ་ནས་ཐོན་ཏེ། ཚེས་ ༢༩ ཉིན་གྲུང་ཆིང་དུ་འབྱོར། རྒྱ་བླ་མ་པི་སུང་གིས་ངག་རྒྱུན་ལོ་རྒྱུས་ནང་ངོ་སྤྲོད་བྱས་དོན། “ཉིན་གཉིས་པར་ངེད་ཚོ་མཉམ་དུ་རྒྱལ་དམངས་སྲིད་གཞུང་ཕྱི་འབྲེལ་ལས་ཁུངས་ཟི་ཁྲོན་དུ་བཅའ་སྡོད་ཕྱི་འབྲེལ་ཆེད་བསྐོས་ལས་བྱེད་སྐུ་ཞབས་ཝུའུ་ནན་རུའུ་ལགས་མཇལ་འཕྲད་ཆེད་བསྐྱོད། ཁོང་ལ་རྒྱ་ནག་ཏུ་བཅའ་སྡོད་དབྱིན་ཇི་གཞུང་ཚབ་ཁང་ནས་རྒྱ་གར་བརྒྱུད་བོད་ནང་བསྐྱོད་རྒྱུའི་ཐོངས་མཆན་ཞུ་རྒྱུར་རོགས་རམ་ཡོང་བ་ཞུས་པར། སྐབས་དེའི་གནས་སྟངས་ནི་གལ་སྲིད་རྒྱ་གར་གཅིག་པུའི་ནང་བསྐྱོད་མཁན་ཡིན་ཚེ་ཐོངས་མཆན་ཐོབ་རྒྱུར་དཀའ་ངལ་གང་ཡང་མེད། རྒྱུ་མཚན་ནི་ངོས་རང་གྲྭ་པ་ཞིག་ཡིན་པས། དགེ་འདུན་པར་རྒྱ་གར་ནང་གནས་མཇལ་ཆེད་བསྐྱོད་རྒྱུར་ཐོངས་མཆན་ལས་སླ་པོའི་ངང་ཐོབ་ཀྱི་ཡོད། གལ་སྲིད་རྒྱ་གར་བརྒྱུད་བོད་ནང་འགྲོ་མཁན་ཞེས་གསལ་པོ་བརྗོད་ཚེ། གནད་འགག་ཅིག་འཕྲད་བཞིན་ཡོད་པ་ནི། དབྱིན་གཞུང་གི་ཐོངས་མཆན་སྤྲོད་མཁན་དཔོན་རིགས་ལ་རྒྱ་གར་ཁོ་ནར་བསྐྱོད་ཆོག་པའི་ཐོངས་མཆན་བཀའ་འཁྲོལ་གནང་ཆོག་པ་ལས། རྒྱ་གར་བརྒྱུད་བོད་ནང་འགྲོ་མཁན་ལ་ཁོང་ཚོས་བཏང་འཛིན་བྱེད་ཐུབ་ཀྱི་མེད་པ་རེད།”【P69】
གྲུང་ཆིང་ནས་ཕྱི་སྐྱོད་ལག་ཁྱེར་ཐོབ་རྗེས་སྐུ་ཞབས་ཝུའུ་ནན་རུའུ་ལགས་ལ་ཕྱི་འབྲེལ་ལས་བྱེད་རྙིང་གྲས་ཤིག་ཡིན་པའི་ཆ་ནས་དབྱིན་ཇིའི་གཞུང་ཚབ་ཁང་ནས་ཐོངས་མཆན་ཞུ་རོགས་ཞུས་པར། སྐུ་ཞབས་ཝུའུ་ལགས་ཀྱིས་གང་ཐུབ་རོགས་རམ་ཡོང་བའི་ཁས་ལེན་བྱས་ཤིང་དུས་ཡུན་གང་ཙམ་འགོར་གྱི་རེད་ཅེས་བརྗོད། དེར་བརྟེན་གྲུང་ཆིང་དངུལ་ཁང་ལས་རིགས་ཁྲོད་མིང་གྲགས་ཡོད་པའི་རྩིས་པ་སྐུ་ཞབས་ཡཱང་ཞོལ་ཡུའི་ལགས་ལ་ཐོངས་མཆན་ཞུ་འབུལ་ཡོང་བའི་མངགས་བཅོལ་ཞུས་རྗེས་ཝུའུ་ཧན་གྲོང་ཁྱེར་དུ་ཐོན། རྒྱ་བླ་མ་པི་སུང་ཝུའུ་ཧན་དུ་སྡོད་རིང་ཐོངས་མཆན་དང་འབྲེལ་བའི་གནས་ཚུལ་གང་ཡང་གོ་རྒྱུ་མེད་སྟབས། གྲུང་ཆིང་དུ་ཡོད་པའི་སྐུ་ཞབས་ཡཱང་ལགས་ལ་ཁ་པར་བཏང་རྗེས་གཞི་ནས་ཤེས་རྟོགས་བྱུང་བ་ཞིག་ནི། དབྱིན་ཇིའི་གཞུང་ཚབ་ཁང་ནས་ཆ་རྐྱེན་དོན་ཚན་ཁག་བཞི་བཏོན་ཡོད་ཁོངས། དོན་ཚན་“གཉིས་པ། རྒྱ་གར་དུ་འབྱོར་རྗེས་བོད་ནང་བསྐྱོད་ཐུབ་མིན་ཇི་ལྟར་བྱུང་ཡང་། སྙན་ཞུ་འབུལ་མཁན་རྒྱ་གར་ནང་དུས་རིང་ཞག་སྡོད་མི་ཆོག ཟླ་གྲངས་རེ་གཉིས་རྗེས་ངེས་པར་དུ་ཕྱིར་ཐོན་དགོས།”ཞེས་དང་། དོན་ཚན་“བཞི་པ། ཅི་སྟེ་རྒྱ་གར་བརྒྱུད་བོད་དུ་བསྐྱོད་སྐབས་བོད་གཞུང་གི་ཕྱོགས་ནས་བཀག་འགོག་བྱས་ཚེ། དབྱིན་གཞུང་ཕྱོགས་ནས་འགན་ལེན་བྱ་མི་ཐུབ།”【P71】སོགས་བརྗོད་ཡོད་པར། ཐོངས་མཆན་ཞུ་འབུལ་བྱེད་མཁན་འགན་ལེན་བ་སྐུ་ཞབས་ཡཱང་ལགས་ཀྱིས་ཐོངས་མཆན་ཞུ་དོད་དངུལ་འབབ་རྩིས་རྒྱག་དང་། ཆ་རྐྱེན་བཏོན་པའི་དོན་ཚན་ཁག་འགན་ལེན་བྱས་ཡོད་རུང་། མདོ་དོན་དབྱིན་གཞུང་ཕྱོགས་ནས་ཐོངས་མཆན་བཀའ་འཁྲོལ་གནང་མེད། སྐབས་དེར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་ཐད་ཀར་ཆེད་དུ་དབྱིན་ཇི་སྲིད་གཞུང་ལ་རྒོལ་གཏམ་བསྒྲགས་དོན། “བོད་ནི་རྒྱ་ནག་གི་མངའ་ཁོངས་ཁོ་ན་ཡིན་ཞིང་། ནང་སའི་སློབ་ཕྲུག་བོད་ནང་མངག་གཏོང་བྱ་རྒྱུར། དེ་སྔ་ནས་བོད་གཞུང་གིས་མོས་མཐུན་ཡོད་པས། དབྱིན་གཞུང་ཕྱོགས་ནས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་དམག་དོན་གྱི་སྒྲིག་བཀོད་ཡོད་པ་ཕྱི་མི་ནས་ལྐོག་ལྟ་མི་ཆོག་པའི་རྒྱུ་མཚན་ལ་ཁ་གཡར་ཏེ་ཆེད་མངགས་དཀའ་ངལ་བཟོ་བ་དང་། ནང་སའི་སློབ་ཕྲུག་རྒྱ་གར་བརྒྱུད་བོད་དུ་བསྐྱོད་རྒྱུ་བཀག་འགོག་བྱ་མི་རུང་ཞེས་བརྗོད་ཀྱང་། རྒོལ་གཏམ་ནི་རྒོལ་གཏམ་ཙམ་ལས་ཐོངས་མཆན་གྱི་ཆོག་མཆན་ནི་སྤྲད་མེད།”【P71】རྒྱ་ནག་གཞུང་གིས་“བོད་ནི་རྒྱ་ནག་གི་མངའ་ཁོངས་ཁོ་ན་ཡིན་”པར་གྲགས་ཀྱང་། དོན་དངོས་ཐོག་རང་རྒྱལ་གྱི་ཡུལ་མི་གང་ཞིག་“རང་གི་མངའ་ཁོངས་”སུ་འགྲོ་སྐྱོད་བྱེད་པར། ད་དུང་ཆོག་མཆན་ཞུ་དགོས་པ་ནི་གང་འདྲའི་འབྲེལ་བ་ཞིག་ཡིན་ནམ། གལ་སྲིད་དེ་ནི་དབྱིན་ཇི་སྲིད་གཞུང་གིས་འགོག་རྐྱེན་བཟོ་བའམ་ལྐོག་གཡོ་ངན་བྱུས་བཤམས་པའི་རྒྱུ་མཚན་དུ་དྲངས་ཚེ། དོ་བདག་རྩོམ་པ་པོ་རྒྱ་བླ་མ་པི་སུང་གི་ངག་རྒྱུན་ལོ་རྒྱུས་ཡིག་ཆ་གཞིར་བཟུང་སྟེ། མཚོ་ལམ་ནས་ས་ལམ་ཏུ་སྒྱུར་ཏེ་བོད་ནང་བསྐྱོད་རྒྱུའི་འབྲེལ་ཡོད་ཡིག་ཆའི་ཆོག་མཆན་ཞུ་བའི་རྒྱུད་རིམ་ཐོག་ནས་གླེང་རྒྱུ་མ་ཟད། དུས་མཚུངས་སྐབས་དེའི་“རྒྱ་བོད་”དབར་གྱི་འབྲེལ་བའམ་གནས་བབ་སྐོར་གསལ་ཁ་འདོན་རྒྱུ་ཡིན།
རྒྱ་གར་བརྒྱུད་བོད་ནང་བསྐྱོད་རྒྱུའི་འཆར་གཞི་དེ་དོན་སྨིན་མ་བྱུང་སྟབས། ཧ་ལམ་ ༡༩༣༧ ལོའི་སྤྱི་ཟླ་ ༦ པའི་ཚེས་ཤར་ཙམ་ལ། གདམ་ག་གང་ཡང་མེད་པའི་དངོས་ཡོད་གནས་སྟངས་འོག མཐར་ཆེས་དཀའ་ཚེགས་དང་ཉེན་ཁ་ཧ་ཅང་ཆེ་བའི་འགྲོ་ལམ་སྟེ་སྐམ་ལམ་མ་འདེམས་ཀ་མེད་དུ་གྱུར། རྒྱ་བླ་མ་པི་སུང་གྲུང་ཆིང་ནས་རྡོག་ཐོན་ཏེ་ཅཱ་ཏིང་བརྒྱུད་དེ་གཡག་རྔ་རུ་འབྱོར་ཞིང་། གཡག་རྔ་ནས་“ཁོ་བོས་(པི་སུང་)གོ་སྐབས་དང་བསྟུན་ནས་ཤཱིས་ཁང་དུ་བསྐྱོད་རྒྱུར་ཡིག་ཆ་གང་འདྲ་བཟོ་དགོས་སྐོར་སྐད་ཆ་དྲིས་ཤིང་། མ་ཟད་ཁོང་(ཇ་ཚོང་ཁང་གི་སྦྱིན་བདག་སྐུ་ཞབས་ཤཱ་ལགས་)ལ་རོགས་རམ་ཡོང་བ་ཞུས་པར། ཁོ་བོར་སེམས་ཁྲལ་མ་དགོས་པ་དང་། ཁོང་གིས་ཚབ་བྱས་ཏེ་ཚང་མ་བཟོ་རྒྱུ་གནང་།”【P79】སྐབས་དེའི་དུས་སུ། བོད་གཞུང་གི་ཆོག་མཆན་མེད་པའི་ཕྱི་རྒྱལ་བ་སུ་འདྲ་ཞིག་ལུགས་མཐུན་ངང་བོད་ནང་འཛུལ་ཐབས་བྲལ། ལྷག་པར་དུ་རྒྱ་ཡུལ་ནས་ཡོང་བའི་རྒྱ་མི་རིགས་རྣམས་ལ་ཧ་ཅང་གིས་གཟབ་ནན་དང་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པ་རེད། དེ་སྐོར་རྩོམ་པ་པོས་དེབ་ནང་ངོ་སྤྲོད་བྱས་དོན། “སྤྱི་ལོ་ ༡༩༢༥ ཟླ་ ༥ ནང་། བླ་ཆེན་ཐའེ་ཤུའེ་ལགས་ཀྱི་སློབ་མ་གཞན་གཅིག་སྟེ་ཆོས་དཔོན་ཏཱ་ཡཱོང་གིས་པེ་ཅིང་ནས་བོད་དུ་ཆོས་ཞུའི་ཚོགས་པ་ཞིག་བསྡུས་ཏེ། ་་་་་་ པེ་ཅིང་ནས་རྔམ་བརྗིད་ལྡན་པའི་ངང་ནུབ་ཕྱོགས་སུ་བསྐྱོད་ཅིང་། ལམ་བར་ས་གནས་དཔོན་རིགས་ཁག་གིས་ཕེབས་བསུ་ཞུས། དེ་འདྲའི་སྐད་གྲགས་ཆེ་བའི་རྒྱུ་མཚན་ལ་བརྟེན་བོད་གཞུང་འདྲོག་སློང་བྱུང་བ་དང་། ཆོས་ཞུ་ཚོགས་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་སྐྲག་སྣང་བྱུང་སྟེ། ཁོང་ཚོ་བོད་ནང་འཛུལ་མི་ཆོག་པའི་བཀའ་རྒྱ་ཕབ་པས། ཆོས་ཞུ་ཚོགས་པ་དེ་རང་དབང་མེད་པར་དཀར་མཛེས་ཁུལ་དུ་སྡོད་དགོས་བྱུང་།”【P87】ཆོས་ཞུ་ཚོགས་པ་དེ་པེ་ཅིང་ནས་ཐོན་ཏེ་ལམ་བར་ས་གནས་དཔོན་རིགས་ཚོས་སྣེ་ལེན་བྱེད་སྟངས་ལ་གཞིགས་ཚེ། ཁོང་ཚོར་ངེས་ཅན་གྱི་གོ་གནས་དང་ལས་འགན་ཞིག་ཡོད་སྲིད། རྒྱ་ནག་གཞུང་གིས་གསལ་པོར་ཤེས་རྟོགས་ཐུབ་པ་ཞིག་ནི། ཆོས་ཞུ་བའི་མིང་ཐོག་ནས་བོད་ནང་བསྐྱོད་ཚེ་གོ་སྐབས་ཆེ་བ་ཡོད་པ་མཐོང་བས། དེ་འདྲའི་ཐབས་ལམ་ལ་བརྟེན་ནས་བོད་དུ་བསྐྱོད་རྒྱུའི་དམིགས་ཡུལ་ནི་ཆོས་ཞུ་བའི་ཆེད་དུ་ཡིན་པ་སྟོན་ཆེད་བརྒྱུད་བསྒྲགས་བྱས་པ་ཞིག་ཡིན།
རྒྱ་བླ་མ་པི་སུང་དར་རྩེ་མདོར་འབྱོར་རྗེས། དཀར་མཛེས་བརྒྱུད་དེ་ལྷ་སར་བསྐྱོད་འཆར་གྱི་གྲ་སྒྲིག་བྱེད་པའི་སྐབས་སུ། ཀྲུང་དབྱང་སྲིད་གཞུང་གིས་ཏཱའེ་ཅི་ཐའོ་ཆེད་མངགས་སྐུ་ཚབ་ཏུ་བསྐོས་ནས་དཀར་མཛེས་སུ་པཎ་ཆེན་སྐུ་ཕྲེང་དགུ་པའི་འདས་མཆོད་ཆེད་བཏང་ཡོད་པས། རྒྱ་བླ་མ་པི་སུང་གིས་ཀྲུང་དབྱང་སྲིད་གཞུང་གི་དཔོན་རིགས་ཚོ་དང་མཉམ་དུ་དཀར་མཛེས་སུ་ཐོན་རྒྱུའི་རེ་བར་བཏོན་པར། དཔོན་རིགས་ཚོས་དེ་མ་ཐག་ཏུ་ཞུ་བ་དེ་ངོས་ལེན་བྱས་མེད་ཅིང་། ངོས་ལེན་མ་བྱས་པའི་ཁ་གཡར་ཆེད་ཀྱི་རྒྱུ་མཚན་ཁག་གསུམ་བགྲང་པ་ཕུད། དེ་མིན་གྱི་གལ་ཆེ་བའི་རྒྱུ་མཚན་གཞན་གཅིག་བརྗོད་ཡོད་པ་ནི། “མ་ཟད་ང་ཚོ་(ཀྲུང་དབྱང་སྲིད་གཞུང་དཔོན་རིགས་)དང་མཉམ་དུ་ཡོད་པ་བོད་གཞུང་ནས་ཤེས་རྟོགས་བྱུང་ཚེ། དེ་བས་ཁོང་པ་(པི་སུང་)བོད་ནང་འགྲོ་རྒྱུར་འགལ་རྐྱེན་འཕར་མ་ཡོང་སྲིད།”【P90】ཅེས་པའི་བཀའ་མོལ་དེའི་ཐོག་ནས་དངོས་ཡོད་ཀྱི་བདེན་པ་ར་སྤྲོད་བྱེད་ཐུབ་པ་ཞིག་ནི། ཀྲུང་དབྱང་སྲིད་གཞུང་གི་དཔོན་རིགས་ཚོས་སྔ་ས་ནས་སྐབས་དེའི་“རྒྱ་བོད་”དབར་གྱི་འབྲེལ་བའམ་གནས་བབ་གང་འདྲ་ཞིག་ཡིན་མིན་གསལ་རྟོགས་ཐུབ་ཀྱི་ཡོད་པ་མཚོན་ཐུབ།
གོང་དུ་བརྗོད་པ་ལྟར། སྐབས་དེའི་དུས་རྒྱ་ནག་ནི་དམག་གཤེད་དཔོན་དམག་ཚོས་ས་ཁུལ་ཁག་སོ་སོ་དབང་འཛིན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སོ་སོའི་སྟོབས་ཤུགས་རྒྱ་སྐྱེད་བྱེད་པའི་དུས་སྐབས་ཤིག་ཡིན་པ་དང་། དེ་མཚུངས་བོད་ཤར་བརྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ཀྱང་ས་གནས་དམག་གཤེད་དཔོན་དམག་ཚོས་འཛིན་སྐྱོང་བྱེད་བཞིན་ཡོད་རུང་། དབང་ཚད་ཆ་ཚང་ས་གནས་དམག་གཤེད་དཔོན་དམག་གི་བཏང་འཛིན་འོག་ཡོད་པ་ཞིག་མིན། རྒྱ་བླ་མ་པི་སུང་བོད་ཀྱི་ཁམས་ཁུལ་རྟའུ་རྫོང་དུ་སླེབས་དུས་སྐབས་དེའི་སྤྱི་ཚོགས་མིག་མཐོང་ལག་ཟིན་བྱུང་བའི་རྣམ་པ་བཀོད་དོན། “རྟའུ་རྫོང་གི་དཔའ་ངར་ཤིན་ཏུ་ཆེ་བའི་པཱ་བྷའོ་ (དཔལ་འབར་མིན་ནམ་སྙམ་) ཡུལ་མི་ཡིས་བོད་དགོན་དང་ཕན་ཚུན་ལག་འབྲེལ་བྱས་ཤིང་། གང་ལྟར་བོད་དགོན་ནམ། ཡང་ན་པཱ་བྷའོ་ཡུལ་མི་ཡི་མོས་མཐུན་མེད་པའི་རྫོང་སྲིད་གཞུང་གི་བཀའ་རྒྱ་གང་ཞིག་ཡིན་རུང་ཁྱབ་སྤེལ་གཏོང་ཐབས་བྲལ་ཡོད། དེའི་ཐོག་ནས་རྟའུ་རྫོང་གི་རྫོང་དཔོན་དེ་ལས་སླ་པོའི་ངང་འགོ་འཁྲིད་ཐུབ་པ་ཞིག་མེད་པ་གསལ་པོར་མཐོང་ཐུབ་”【P98】ཅེས་གསལ།
རྒྱ་བླ་མ་པི་སུང་སྡེ་དགེར་ཞག་སྡོད་ཉིན་ཤས་བྱེད་རིང་། རྫོང་གསར་མཁྱེན་རྩེ་རིན་པོ་ཆེ་སྐུ་ངོ་མས་མཚམས་སྦྱོར་གནང་བ་ལྟར་བོད་བཀའ་ཤག་སྲིད་གཞུང་མདོ་སྤྱི་ཁང་གི་རིམ་བཞི་སྐུ་ཞབས་ཟུར་ཁང་དབང་ཆེན་ངོ་ཤེས་བྱུང་བ་དང་། “ངེད་དང་ཁོང་ཉིད་ཕན་ཚུན་ཁ་བརྡ་བྱུང་རྗེས། ཁོང་ཉིད་ཀྱིས་ང་རང་བོད་དུ་གསང་སྔགས་ཆོས་ལུགས་སློབ་གཉེར་དུ་བསྐྱོད་མཁན་ཤེས་རྟོགས་བྱུང་ཞིང་། དེ་མུར་ཕར་མ་ཞུས་ཀྱང་རང་འགུལ་ངང་ང་རང་གི་ཆེད་དུ་བོད་ཀྱི་ས་མཚམས་འགག་སྒོ་ཁག་ལ་བཀའ་བརྡ་ཞིག་བྲིས་པ་དེའི་ནང་བཀའ་མངག་གནང་ཡོད་པས། ངོས་རང་བོད་དུ་བསྐྱོད་པའི་ལམ་བར་དུ་བཀའ་བརྡ་འདི་གང་དུ་བེད་སྤྱོད་བྱས་ཀྱང་བོད་ཀྱི་ས་མཚམས་སྲུང་དམག་ཚོས་མ་ནོར་བར་གསལ་པོར་ཤེས་རྟོགས་ཐུབ་ནས་ཤར་གཏོང་བྱ་ངེས་ཡིན་པ་རེད།【P119】 སྐབས་དེའི་དུས་ཀྱི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཐོག་ནས་བརྗོད་ན། བཀའ་བརྡ་འདི་བཞིན་ཕྱི་རྒྱལ་མི་རིགས་བོད་ནང་འཛུལ་ཆོག་པའི་བཀའ་འཁྲོལ་ཡིག་ཆ་ཞིག་ཡིན་ཞིང་། དེང་དུས་རྒྱལ་སྤྱིའི་ཐོག་བེད་སྤྱོད་བྱེད་པའི་“ཐོངས་མཆན་”དང་ངོ་བོ་གཅིག་མཚུངས་རེད་ཅེས་བརྗོད་ཆོག
སྡེ་དགེ་ནས་ལྷ་སར་ཐོན་གྲབས་བྱེད་པའི་དུས་ཤིག་ལ། དཀར་མཛེས་ནས་རྒྱ་བླ་མ་པི་སུང་གི་ངོ་ཤེས་གཅིག་གིས་ཁོང་ལ་སྤྲིངས་པའི་ཡི་གེ་ཞིག་འབྱོར་བ་དང་། ནང་དོན་གཙོ་བོ་ལྷ་སར་སྐྱོད་མཁན་ལམ་རོགས་མི་སྣ་གཉིས་མཚམས་སྦྱོར་བྱས་ཡོད་པ་རེད། ལམ་རོགས་དེ་གཉིས་ནི་འགྲིམ་འགྲུལ་པུའུ་ཡི་གཞུང་ཞབས་སྐུད་མེད་གློག་འཕྲིན་ཁང་གི་གློག་འཕྲིན་གཏོང་ལེན་པ་ཐཱན་ཤིང་ཧྥེ་དང་། སྐུད་མེད་གློག་འཕྲིན་འཕྲུལ་ཆས་ལག་རྩལ་བ་ཡཱན་ཅུན་རེད། “ཁོང་གཉིས་ནི་རྒྱ་ནག་རྒྱལ་དམངས་སྲིད་གཞུང་འགྲིམ་འགྲུལ་པུའུ་ཡིས་མངག་གཏོང་བྱས་པའི་བོད་ལྷ་ས་ཁུལ་དུ་རླུང་འཕྲིན་གྱི་ལས་དོན་ཆེད་ཡིན་པ་དང་། འོན་ཀྱང་བོད་ས་གནས་སྲིད་གཞུང་གིས་ཆོག་མཆན་སྤྲད་མེད་པར་བརྟེན། རེ་ཞིག་པཎ་ཆེན་རིན་པོ་ཆེའི་གནས་སྐབས་བཞུགས་ཡུལ་དུ་གནས་སྡོད་ཀྱིས་ཐབས་ལམ་གཞན་བརྒྱུད་བོད་ནང་འཛུལ་རྩིས་བྱེད་བཞིན་ཡོད་པ་རེད།”【P128】 བོད་གཞུང་གིས་ཁས་ལེན་མི་བྱེད་པའི་རྒྱུ་མཚན་ནི་རྩོམ་པ་པོས་དེབ་ནང་ངོ་སྤྲོད་བྱས་པའི་ནང་དོན་ལས་གསལ་རྟོགས་ཐུབ་རྒྱུར། “འོན་ཀྱང་སྐབས་དེ་དུས་ཀྱི་རྒྱ་བོད་འབྲེལ་ལམ་གྱི་གནས་བབ་འོག ཁོང་ཚོ་གལ་སྲིད་གཞུང་ཞབས་པའི་མིང་ཐོག་ནས་བོད་ནང་འཛུལ་ཚེ། བོད་ཀྱི་འགག་སྒོ་ནས་ཐར་རྒྱུ་ཧ་ཅང་གིས་དཀའ་ངལ་ཡོད་པ་དེ་བསམ་བློའི་ནང་འཁོར་རྗེས། ངོས་ཀྱིས་ཡིག་ལན་ཞིག་བྲིས་པའི་ནང་ཁམས་བོད་མི་དམངས་ཚོ་ནང་པའི་ཆོས་ལ་གུས་བཀུར་ཤིན་ཏུ་ཆེ་བས། ལྷ་རབ་བྱུང་ན་ཁོང་གཉིས་ངོས་ཀྱི་དགེ་ཕྲུག་གི་མིང་ཐོག་ལུས་ལ་གྲྭ་ཆས་གྱོན་ཏེ་གྲྭ་པ་ཡིན་ཁུལ་གྱིས་བོད་ནང་འཛུལ་ན་ལེགས་”【P128-129】ཞེས་ལམ་སྟོན་བྱས་ཡོད་པ་རེད། སྐབས་དེའི་དུས་སུ་རྒྱལ་དམངས་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་བྱེད་ཐབས་དེ་འདྲ་བའི་ཐོག་ནས་རྒྱ་མི་མང་པོ་བོད་ནང་གསང་བའི་གནས་ཚུལ་འཚོལ་བསྡུ་བྱེད་པར་མངགས་བཞིན་ཡོད་པ་རེད།
༡༩༣༥ ཟླ་ ༥ ཚེས་ ༣༠ ཉིན། འགྲིལ་འགྲུལ་པུའུ་ཡི་གཞུང་ཞབས་གཉིས་སྡེ་དགེར་འབྱོར་རྗེས། སྐབས་དེའི་ས་མཚམས་ཅིན་ཧྲ་གཙང་པོའི་འགག་སྒོ་བདེ་བླག་ངང་ཤར་གཏོང་ཐུབ་ཆེད། མི་ཁུངས་ངོ་མ་སྦས་གསང་གིས་དབུལ་པོའི་ཆ་ལུགས་སྤྲས་ཏེ་ཨ་མདོ་བའི་གནས་མཇལ་བའི་མིང་ཐོག་ཁོང་ཚོ་དཀའ་ཚེགས་དང་ངལ་དུབ་ཆེ་བའི་འགྲོ་ལམ་བརྒྱུད་སྔ་རྗེས་སུ་ལྷ་སའི་ཕྱོགས་སུ་བསྐྱོད། རྩོམ་པ་པོས་སྐབས་དེའི་བོད་ཀྱི་ལོ་རྒྱུས་བཀོད་དོན།
“ཏཱ་ལའི་བླ་མས་ལྷ་སའི་རྒྱ་དམག་རྣམས་ཚར་གཅོད་བྱས་རྗེས། མུ་མཐུད་དེ་མུར་མ་བཞག་པར་བསྐྱར་དུ་དམག་དཔུང་ལྔ་སྟོང་ནས་དྲུག་སྟོང་ཙམ་ཞིག་མངགས། དེ་ཡང་སེར་མོ་བ་ཞིག་གིས་འགོ་འཁྲིད་དེ་ཆབ་མདོར་དཔུང་འཇུག་བྱས་ཤིང་། ཆབ་མདོའི་བཅའ་སྲུང་རྒྱ་དམག་དང་ནང་སའི་འབྲེལ་བ་ཆད་པར་བརྟེན་ནས་བོད་དམག་གིས་གཏོར་ཕམ་བཏང་བ་རེད། དེ་འདྲའི་འོག་ཏཱ་ལའི་བླ་མའི་སྲིད་དབང་གི་སྟོབས་ཤུགས་རེ་ཞིག་ཆབ་མདོ་དང་འབྲི་ཆུ་ཤར་བརྒྱུད་ཀྱི་རྫོང་གཞིས་ཁག་གཅིག་གི་ས་ཁོངས་སུ་སླེབས་པ་དང་། བོད་དམག་གིས་ས་གནས་དེ་དག་ནང་སོ་ལྟ་ཁང་བཙུགས་ཏེ་རྒྱ་མི་བོད་ནང་འཛུལ་རྒྱུར་བཀག་འགོག་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་དང་འགྲོ་འོང་གི་འབྲེལ་བ་བཅད་པ་རེད།”【P134】
ཅིན་ཧྲ་གཙང་པོ་སྒྲོལ་རྗེས། ས་གནས་སུ་ཞིབ་བཤེར་འགག་སྒོའི་བརྒྱ་དཔོན་སྐུ་ཞབས་དགྲ་འདུལ་ལགས་ཀྱིས་ལམ་ཡིག་གནང་བ་ལྟར། འཇོ་མདའ་ལ་འབྱོར་ནས་མདའ་དཔོན་སྐུ་ཞབས་སྟོབས་ལྡན་ལགས་མཇལ་འཕྲད་དུ་བཅར་ཏེ། ཟུར་ཁང་དབང་ཆེན་མཆོག་གིས་གནང་བའི་བོད་ཀྱི་ས་མཚམས་འགག་སྒོ་ཁག་ལ་ཕབ་པའི་བཀའ་བརྡ་དང་དེ་མིན་ངོ་སྤྲོད་ཡིག་ཆ་ཁག་སྤྱན་འབུལ་ཞུས་འདུག་པར། གཤམ་འཁོད་རྩོམ་པ་པོ་དང་མདའ་དཔོན་དབར་བཀའ་མོལ་བྱུང་བའི་ནང་དོན་ལས་སྐབས་དེའི་“རྒྱ་བོད་”འབྲེལ་བ་གང་འདྲ་ཡིན་མིན་རོབ་ཙམ་རྟོགས་ཐུབ།
“མདའ་དཔོན་གྱིས་ཕྱག་བྲིས་ལ་བལྟས་རྗེས་ཐེ་ཚོམ་དང་བཅས་མགོ་བོ་ཡར་བཏེགས་ཏེ་དལ་པོའི་ངང་གསུང་དོན། ཟུར་ཁང་དབང་ཆེན་སྲས་སྐུ་ཞབས་ཀྱི་བཀའ་བརྡ་སྔ་ལོ་ཕྱི་ཟླ་དགུ་པའི་ནང་ཕབ་པ་ཞིག་རེད་འདུག ཁྱེད་ཚོ་སྔ་ལོ་བོད་ནང་མ་ཡོང་བའི་རྒྱུ་མཚན་གང་ཡིན་དང་། ད་ལྟ་བར་འགྱངས་དགོས་དོན་གང་ཡིན་ནམ་ཞེས་དྲིས་པའི་ལན་དུ། ང་རང་གིས་སྔ་ལོ་གནམ་གྲང་ཞིང་ས་ལ་འཁྱག་པ་ཆགས་པ་མ་ཟད་ལམ་རོགས་ཤིག་མ་རྙེད་སྟབས། ད་ལོ་དབྱར་དུས་བར་འགྱངས་ཏེ་གཞི་ནས་ཐོན་དགོས་བྱུང་། དེ་ལྷག་གཞན་གྱི་དམིགས་བསལ་རྒྱུ་རྐྱེན་གཞན་མེད་ཅེས་ལན་འདེབས་ཞུས་པར། མདའ་དཔོན་གྱིས་གསུང་དོན། དེ་འདྲ་རང་ཡིན་ནམ། ཉེ་ཆར་ཆབ་མདོ་ནས་གུས་པར་བཀའ་ཡིག་བཀའ་མངག་ཕེབས་དོན་ལ། ཇག་པ་འགོག་ཐབས་ལ་སྔར་ལྷག་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་རྒྱ་རིགས་བོད་ནང་གསང་འཛུལ་བྱེད་མཁན་ལ་བཀག་འགོག་ནན་པོ་བྱ་དགོས་པས། དེར་བརྟེན་ངོས་ནས་ཁྱེད་ཚོ་གཏོང་ཐབས་མེད། ཁྱེད་ཚོ་ཟུར་ཁང་དབང་ཆེན་སྲས་སྐུ་ཞབས་ཀྱི་གྲོགས་པོ་དངོས་གནས་ཡིན་ན། ངོས་ནས་མདོ་སྤྱིར་བཀའ་འདྲི་ཞུ་རྒྱུ་ཡིན། བཀའ་ལན་ཕེབས་མཚམས་ཁྱེད་ཚོ་གཏོང་འཐུས། གང་འདྲ་འདུག་གམ་”【P137-138】ཞེས་གསུང་ནས་བཀག་འགོག་གནང་འདུག
ཁོང་ཚོ་འཇོ་མདའ་རུ་ཉིན་གྲངས་ ༡༣ ཙམ་ངང་སྒུག་རྗེས་མཐར་མདོ་སྤྱིའི་བཀའ་ལན་འབྱོར་ཞིང་། མདའ་དཔོན་གྱིས་རྒྱ་བླ་མ་པི་སུང་བཀའ་འགུག་གནང་བ་དང་སྦྲགས། མདོ་སྤྱི་ལས་ཁུངས་ནས་བྲིས་པའི་བཀའ་ཡིག་སྒྲོག་སྦྱང་གནང་། བཀའ་ཡིག་གི་ནང་དོན་ལྟར་རྒྱ་མི་རིགས་ཀྱི་དགེ་འདུན་པ་ཡིན་ཕྱིན། མགོ་བོའི་ཐོག་སྡོམ་པ་ཞུས་པའི་སྤོས་ཚགས་རྗེས་ཤུལ་ཡོད་པས། མདའ་དཔོན་གྱིས་དེ་མ་ཉིད་རྒྱ་བླ་མ་པི་སུང་གི་མགོ་བོར་ཞིབ་བཤེར་བྱས་པར། པི་སུང་བླ་མས་དེ་སྔ་མགོ་བོའི་ཐོག་མེ་བཙའ་རྨ་ཤུལ་འགའ་ཤས་ཡོད་པ་དེ་དག་སྡོམ་པ་ཞུས་པའི་སྤོས་ཚགས་ཀྱི་རྗེས་ཤུལ་ཡིན་ཁུལ་བྱས་ཏེ་མདའ་དཔོན་མགོ་སྐོར་བཏང་ཐུབ་པ་བྱུང་འདུག་པ་མ་ཟད། ལྷ་སར་བདེ་བླག་ངང་འགྲོ་ཐུབ་པའི་ཆེད་དུ། པི་སུང་བླ་མ་དེ་མ་ཉིད་སྡོད་ཡུལ་དུ་བསྐྱོད་ནས་དགེ་ཕྲུག་གི་མིང་ཐོག་ལྷ་སར་བསྐྱོད་མཁན་གཞུང་ཞབས་པ་ཡཱན་ཅུན་དང་གྲོས་བསྡུར་བྱས་མཐར། “ཡཱན་ཅུན་གྱིས་ཁོ་བོའི་བསམ་ཚུལ་ལ་མོས་མཐུན་བྱུང་བ་ལྟར། ངོས་ཀྱིས་ཁོ་པའི་མགོ་སྟེང་གི་སྐྲ་ཕྲན་བུ་བཏུབ་ནས་སྤོས་ཚགས་རྗེས་ཤུལ་གསུམ་བརྒྱབ་རྗེས་མདའ་དཔོན་མདུན་ཞིབ་བཤེར་བྱེད་པར་བསྐྱོད།”【P141】
ཟླ་ ༦ ཚེས་ ༢༤ ཉིན་ཞོགས་པ། འཇོ་མདའ་ནས་ཐོན་ཏེ་ཆབ་མདོ་བརྒྱུད་ལྷ་སའི་ཕྱོགས་སུ་བསྐྱོད་རྒྱུར། བོད་ཀྱི་ས་གནས་ཁག་གི་དཔོན་རིགས་ཚོས་གནང་བའི་ལམ་ཡིག་ཁག་འཁྱེར་བ་དང་། བོད་ཀྱི་དཔོན་རིགས་ཚོས་ཕེབས་རྫོང་གནང་། རྒྱ་བླ་མ་པི་སུང་གིས་ངོ་སྤྲོད་གནང་དོན།
“རྡོག་ཐོན་བྱེད་པའི་སྐབས། གློ་བུར་དུ་སྐུ་ཞབས་ཐང་ལེ་ཡིས་བྲིས་པའི་འཕྲིན་ཡིག་ཅིག་འབྱོར། འཕྲིན་ཡིག་ནང་འགྲེལ་བཤད་གནང་དོན། ཕེབས་སྐྱེལ་བྱེད་པར་ཡོང་མ་ཐུབ་པའི་རྒྱུ་མཚན་ནི། བོད་མིས་དོགས་པ་རྣམ་རྟོག་བྱེད་ཀྱི་རེད་སྙམ་པས། དགོས་མེད་ཀྱི་རྙོག་དྲ་མི་ཡོང་ཆེད་དུ་ཡིན་ཟེར། ཁོ་བོས་སྐབས་དེའི་གནས་སྟངས་ཧ་ཅང་གིས་གསལ་པོ་ཤེས་རྟོགས་ཡོད། རྒྱུ་མཚན་ནི་ཐང་ལེ་ནི་ཆབ་མདོ་ནས་ཡོང་བ་ཞིག་དང་། སྒེར་དོན་ཁོ་ནའི་ངོས་ནས་འཛུལ་བ་ཞིག་ཡིན་པས། གཙོ་བོ་བོད་ས་གནས་སྲིད་གཞུང་གི་བཀའ་འཁྲོལ་ཐོབ་མེད་ཐོག ཆབ་མདོར་འབྱོར་རྗེས་ཁྲིམས་འགལ་ངང་གནས་སྡོད་བྱེད་མཁན་ཁོངས་ཡིན་པས། དེར་བརྟེན་བོད་མི་ཚོས་གཞུང་གི་དཔོན་རིགས་ཡིན་པའི་ལྟ་སྟངས་འཛིན་གྱི་མེད་ལ། བུད་ཤིང་མཁོ་སྤྲོད་མེད་པ་མ་ཟད། རིན་མེད་ཀྱི་ཁང་པ་ཡང་མཁོ་སྤྲོད་བྱས་མེད། དེ་བཞིན་(བོད་གཞུང་ནས་)ཁོང་ཡག་ཤོས་ལ་གང་མགྱོགས་ཕྱིར་ལོག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།”【P157】
ཐང་ལེ་ནི་བོད་སོག་ཨུ་ཡོན་ལྷན་ཁང་ནས་མངག་པའི་ཆབ་མདོར་བཅའ་སྡོད་རྟོག་ཞིབ་པ་ཞིག་ཡིན་ཞིང་། པི་སུང་བླ་མས་“ཐང་ལེ་ལ་ཡིག་ལན་བཏང་བའི་ནང་གཟབ་གཟབ་དང་བཟོད་བསྲན་དགོས་པའི་ཁ་ཏ་སྐུལ་ལྕག་དང་། ཆུང་རྩག་ལ་བཟོད་བསྲན་མ་ཐུབ་པའི་རྐྱེན་གྱིས་དོན་ཆེན་འཆར་གཞི་འཁྲུག་རྒྱུ་མི་ཡོང་བ་དགོས་རྒྱུ་”ཞེས་འཁོད།【P158】
དོ་བདག་ཞིང་སུའུ་ཀྲེ་ལགས་ཏེ་ཆོས་མིང་དུ་པི་སུང་དང་། བོད་མིང་བློ་བཟང་བརྩོན་འགྲུས་འབོད་པ་ ༡༩༣༧ ལོར་ནང་ཆོས་སློབ་གཉེར་གྱི་མིང་ཐོག་བོད་ནང་བསྐྱོད་རྒྱུའི་ཡིག་ཆ་བཟོ་འགོ་བརྩམས། གཞན་ཡང་རྒྱ་ནག་རྒྱལ་དམངས་སྲིད་གཞུང་འགྲིམ་འགྲུལ་པུའུ་ཆེད་གཏོང་སྐུད་མེད་གློག་འཕྲིན་ཁང་གི་ལས་བྱེད་ཐཱན་ཤིང་ཧྥེ་དང་ཡཱན་ཅུན་སོགས་མཚོ་ལམ་བརྒྱུད་བོད་ནང་བསྐྱོད་རྒྱུའི་འཆར་གཞི་ཕམ་ཉེས་སོང་རྗེས། གནམ་གཤིས་ཤིན་ཏུ་སྡུག་ཅིང་འགྲིམ་འགྲུལ་ལམ་ཁ་མེད་པ། རང་གི་རྐང་པ་གཉིས་ལ་བརྟེན་ནས་དཀའ་སྡུག་ཚད་མེད་ངང་། ལ་བརྒྱབ་ཆུ་བརྒལ་གྱི་འགྲོ་ལམ་མ་འདེམས་ཀ་མེད་བྱུང་སྟེ་མཐར་ ༡༩༣༩ ལོའི་ཟླ་ ༨ པའི་ཟླ་དཀྱིལ་ཙམ་ལ་རིམ་པས་ཐོག་མའི་དམིགས་ཡུལ་གྱི་ས་གནས་ལྷ་སར་འབྱོར་ཐུབ་ཙམ་བྱུང་ཡོད་པ་རེད།
སྐབས་དེའི་དུས་སུ་རྒྱ་ནག་ནས་བོད་ནང་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་གཞུང་ལམ་གཅིག་ཀྱང་མེད་པ་དངོས་བདེན་རེད། རྒྱ་བླ་མ་པི་སུང་གིས་ངོ་སྤྲོད་གནང་དོན་“བོད་སྲིད་གཞུང་གིས་སྤྱི་པའི་གཞུང་ལམ་འཛུགས་སྐྲུན་ཐོག་དོ་སྣང་རྩ་བ་ནས་མེད་ལ། རྗེས་ལུས་ཀྱི་འགྲིམ་འགྲུལ་མཁོ་ཆས་ཡར་རྒྱས་ཀྱང་གཏོང་འདོད་མེད་པ་རེད། འགྲོ་ལམ་ཤར་གཏོང་ཐུབ་པ་ཡིན་ན་ཕྱི་མི་འབོར་ཆེན་ནང་དུ་འཛུལ་ཡོང་སྟེ་དུས་དེ་ནས་བཟུང་མུ་མཐུད་སྒོ་རྒྱག་རང་སྲུང་བྱེད་མི་ཐུབ་པར་ཞེད་སྣང་བྱེད་ཀྱི་ཡོད་པ་རེད།”【P160】
“ཀྲུང་དབྱང་སྲིད་གཞུང་”གི་ཕྱིའི་རྣམ་པའི་མིང་ཐོག་“བོད་ས་གནས་སྲིད་གཞུང་”ནང་རླུང་འཕྲིན་ཁང་འཛུགས་རྒྱུ་དང་ལས་བྱེད་ཆེད་གཏོང་བརྗོད་ཀྱང་། རྒྱ་བླ་མ་པི་སུང་གིས་ངོ་སྤྲོད་བྱས་པའི་ནང་དོན་ནས་ཟུར་བལྟས་ལེབ་མཐོང་ཐུབ་པ་ནི། དུས་སྐབས་དེའི་རིང་རྒྱ་ནག་གཞུང་གིས་མགོ་རུལ་སྣ་བས་མ་ཚོར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་པོར་མཐོང་ཐུབ་སྟེ།
“ལྷ་ས་རླུང་འཕྲིན་ནི་ཐོག་མར་རྒྱལ་དམངས་སྲིད་གཞུང་ཆེད་གཏོང་ཕོ་ཉ་ཧོང་མུའུ་སུང་གིས་ཀྲུང་དབྱང་གི་སྐུ་ཚབ་ཐོག་སྤྱི་ལོ་ ༡༩༣༤ ལོར་བོད་ནང་ཕེབས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་མྱ་ངན་མཆོད་འབུལ་སྐབས། ལྷ་སར་གནས་སྐབས་སྡོད་ཡུལ་དུ་སྤྱོད་པའི་རླུང་འཕྲིན་ཞིག་ཡིན་པ་དང་། ཧོང་མུའུ་སུང་གི་ལས་འགན་སྒྲུབ་རྗེས་ལྷ་སར་རླུང་འཕྲིན་ཁང་གཅིག་གི་དགོས་མཁོ་མཐོང་ནས་ཀྲུང་དབྱང་དང་བོད་ས་གནས་དབར་འབྲེལ་བ་བྱེད་པར་སྟབས་བདེ་ཡོང་ཆེད་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། བོད་ས་གནས་སྲིད་གཞུང་གིས་ཁོང་པའི་རེ་བ་ལ་མོས་མཐུན་དང་། རླུང་འཕྲིན་ཁང་ལ་ཁང་པ་དང་ཉིན་མཁོའི་དངོས་རྫས་མཁོ་སྤྲོད་བྱས་པ་མ་ཟད། ཆུ་ལེན་གད་གཙང་བྱེད་མཁན་གྱི་ཡུལ་མི་ཡང་མངགས། གཞན་ཡང་བོད་ས་གནས་སྲིད་གཞུང་གིས་འབྲེལ་བ་བྱེད་མི་གཅིག་ཆེད་བསྐོས་ཀྱིས་རྒྱུན་དུ་མཉམ་སྡོད་ལྟ་སྐྱོང་བྱེད་མཁན་ཡིན་ཟེར་ཡང་། དོན་དངོས་སུ་རླུང་འཕྲིན་ཁང་གི་ལས་བྱེད་ཚོའི་བྱ་སྤྱོད་ལ་སོ་ལྟ་བྱེད་མཁན་ཞིག་ཡིན་པ་རེད།”【P180】
དགེ་འདུན་པ་ཞིག་གི་མིང་ཐོག་བོད་ནང་བོད་བརྒྱུད་ནང་བསྟན་སློབ་གཉེར་ཆེད་ཕེབས་པའི་ཕྱིར་དྲན་ཟིན་ཐོའི་དཔེ་དེབ་གཅིག་ཡིན་ཡང་། དེའི་ནང་རྩོམ་པ་པོའི་དངོས་མཐོང་མྱོང་ཚོར་གྱི་དངོས་ཡོད་བརྒྱུད་རིམ་ནས་སྐབས་དེའི་རྒྱ་ནག་སྲིད་གཞུང་དང་བོད་གཞུང་དབར་གྱི་རྙོག་རྫིང་ཆེ་བའི་ལོ་རྒྱུས་ཀྱི་འབྲེལ་བ་དང་གནས་བབ་གསལ་སྟོན་ར་སྤྲོད་བྱེད་ཐུབ།
“གངས་ལྗོངས་སུ་ཆོས་ཞུ་གཏམ་རྒྱུད། རྒྱ་བླ་མ་གཅིག་གི་ངག་རྒྱུན་ལོ་རྒྱུས་”བཀླགས་རྗེས་ཀྱི་ཚོར་སྣང་བཀོད་པའི་རྩོམ་ཐུང་འདིའི་ནང་། གཙོ་བོ་རྩོམ་པ་པོའི་ངག་རྒྱུན་གྱི་ནང་དོན་ལུང་འདྲེན་ཟུར་འདོན་ཞུས་ཡོད་པ་དང་། དེའི་ཐོག་གུས་པའི་ཚོར་སྣང་ཉུང་བསྡུས་དཀྱུས་སུ་བཀོད་དེ། སྐབས་དེའི་རྒྱ་ནག་རྒྱལ་དམངས་སྲིད་གཞུང་དང་། བོད་གཞུང་དབར་གྱི་ཆབ་སྲིད་དང་། ལོ་རྒྱུས། གནས་བབ་སོགས་ཀྱི་འབྲེལ་ལམ་སྐོར་འགྲེལ་བཤད་རོབ་བསྡུས་ཙམ་ཞུས་པ་ཞིག་ཡིན། དཔེ་ཀློག་གི་མྱོང་ཚོར་བཀོད་པ་འདིའི་ནང་རྒྱ་བླ་མ་པི་སུང་ཞུ་བ་ཐོག་མར་རྒྱ་ནག་ནས་ཐོན་ཏེ་ལྷ་སར་འབྱོར་བའི་ལམ་བར་གྱི་མཐོང་ཐོས་གནས་ཚུལ་དེ་དག་ལས། དེ་མིན་པི་སུང་བླ་མ་བོད་ནང་ཐེངས་གཉིས་སླེབས་འབྱོར་དང་། བོད་ནང་སྡོད་རིང་གི་ཞིབ་ཕྲའི་ལས་དོན། ལྷག་པར་དུ་དོ་བདག་སྒེར་གྱི་མི་ཁུངས་གནས་བབ་གང་འདྲ་ཡིན་མིན། མཐའ་མ་དོ་བདག་ཚུད་པའི་རྒྱ་བུད་དོན་རྐྱེན་ཏེ། ༡༩༤༩ ལོ་ཟླ་ ༧ ཚེས་ ༡༤ ཉིན་རིམ་པ་དང་པོ་དང་། ཟླ་ ༧ ཚེས་ ༡༧ ཉིན་རིམ་པ་གཉིས་པ། ཟླ་ ༧ ཚེས་ ༢༠ ཉིན་རིམ་པ་གསུམ་བཅས་ལྷ་སྡོད་རྒྱ་མི་རྣམས་བོད་ནས་མཐར་བསྐྲད་དེ་ཕྱིར་སློག་བྱས་པའི་བརྒྱུད་རིམ་ཁག་རྩོམ་ཐུང་འདིའི་ནང་བཀོད་མེད།།
ཕྱི་དྲིལ་རྒྱ་ཡིག་ཚན་པའི་དྲུང་འཕར་བསོད་ནམས་རྡོ་རྗེས། ༢༠༡༨ ཟླ་ ༡༠ ཚེས་ ༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས།