ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ རེས་གཟའ་ལྷག་པ།
༄༅།།འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ནས་ ༢༧ བར་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བཅུ་རིང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བརྒྱད་པ་གོ་སྒྲིག་གནང་བ་དེ་ཉིད་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱལ་མཆོག སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་བཅས་དབུ་བཞུགས་ཐོག་མཇུག་སྡོམ་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་ཏེ་མཇུག་སྒྲིལ་ཡོད།
སྐབས་འདིའི་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༢༣ བྱུང་བ་རྣམས་ནི། རྒྱ་གར་ནང་ཁྲིམས་ཀྱི་སློབ་ཐོན་པ་དང་ལོ་རིམ་མཐའ་མའི་སློབ་གཉེར་བ། དེ་སྔོན་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པའི་ཕྱག་འཁྱེར་ཐོབ་པའི་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ། ཁྲིམས་ཞིབ་ཁང་མ་ལག་གི་ལས་བྱེད་བཅས་ཡོད་ལ། དེའི་ནང་ནས་སྦྱོང་བརྡར་བ་ ༡༧ ལ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ཉེར་གཉིས་པ་ནང་གསེས་༼ཁ་༽པའི་དགོངས་དོན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཕྱག་འཁྱེར་གནང་ཡོད།
སྦྱོང་བརྡར་བའི་ཁོངས་ནས་སྐུ་ཚབ་གཉིས་ནས་ཟབ་སྦྱོང་གི་མྱོང་ཚོར་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་བླངས་ཡོད་པ་དང་། ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱལ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས་ཐེངས་འདིའི་སྦྱོང་བརྡར་ལས་རིམ་ལ་ཚད་མཐོའི་གདེང་འཇོག་དང་། མ་འོངས་བྱེད་སྒོའི་ཐོག་ལམ་སྟོན་དང་གཞེན་སྐུལ་གནང་ཡོད་པ་བཅས།།