༢༠༡༨ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ སྔ་དྲོ་རྒྱ་གར་ཨོ་ཌི་ཤ་ Odisha མངའ་སྡེའི་ནང་རླུང་འཚུབ་དྲག་པོ་Titli ཞེས་པ་བྱུང་རྐྱེན་ཁུལ་དེར་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་བོ
ད་མི་སོ་ནམ་པ་ཚོའི་སྟོན་ཐོག་ལ་གནོད་སྐྱོན་ཚབས་ཆེ་བཟོས་པར་བརྟེན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་ཆེད་མངགས་ས་གནས་ཀྱི་གནས་སྟངས་རྟོག་ཞིབ་སླད་ཆེད་གཏོང་གནང་འདུག
དེ་ཡང་ཕྱི་ཚེས་ ༡༥ ཉིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་ཚོགས་མི་དང་། ས་གནས་འགོ་འཛིན།
དེ་བཞིན་འབྲེལ་ཡོད་ཁག་གཅིག་བཅས་ཚང་འཛོམས་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག དོན་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་སུ་ཉིན་གཉིས་རིང་གོད་ཆགས་ཀྱི་གནོད་སྐྱོན་འོག་སྟོན་ཐོག་ལ་གྱོང་གུད་ཇི་ཙམ་ཕོག་པའི་གནས་སྟངས། ཞིང་པའི་བུ་ལོན། སོ་ནམ་པ་ཚོས་ས་ཞིང་འདེབས་ལས་ཆེད་མ་རྩ་ཇི་ཙམ་བཙུགས་པ་སོགས་རྟོག་ཞིབ་རྒྱུད་ལོན་གནང་བ་དང་སྦྲགས། སླད་གོད་ཆགས་དེ་རིགས་ལ་གདོང་ལེན་ཆེད་སྟོན་ཐོག་རིགས་གཞན་འདེབས་འཛུགས་བྱ་རྒྱུའི་ཐོག་བསམ་བློ་གཏོང་དགོས་པ་སོགས་ལམ་སྟོན་ཡང་གནང་འདུག
ཐེངས་འདིར་ཞིང་ཁ་ཨེ་ཀར་ ༡༧༠༠ ཨ་ཤོམ་ཆ་ཚང་ཆུད་ཟོས་སུ་བཏང་བ་མ་ཟད། དེ་སྔ་ལོ་གཉིས་བསྟུད་མར་སྟོན་ཉེས་བྱུང་སྟབས་བོད་མི་སོ་ནམ་པ་རྣམས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་འདུག ས་གནས་བོད་མི་ཚོས་ལོ་ངོ་ལྔ་ཙམ་རིང་དཀའ་ལས་བརྒྱབ་ནས་བཙུགས་པའི་འབྲས་བུ་ཡོད་མཁན་ཤིང་སྡོང་གྲངས་ ༢༥༠༠ ཐེངས་འདིར་གོད་ཆགས་འོག་རྩ་བཀོག་བཏང་བ་མ་ཟད། བོད་མི་ཚོའི་སྡོད་ཁང་དང་། སྒོ་ཕྱུགས། ཕྱུགས་གསོ་ཁང་སོགས་ལའང་གནོད་སྐྱོན་ཚབས་ཆེ་བཟོས་ཏེ་ཁང་པའི་ནང་གློག་མེད་པ་དང་། ཁ་པར་སོགས་འབྲེལ་ལམ་བྱ་རྒྱུའི་བརྒྱུད་ལམ་རྣམས་བེད་མེད་དུ་གྱུར་འདུག འོན་ཀྱང་གོད་ཆགས་འདིའི་འོག་མིའི་ཚེ་སྲོག་ལ་གནོད་སྐྱོན་རྩ་བ་ནས་བྱུང་མི་འདུག
དོན་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་དངོས་ཡོད་གནས་སྟངས་ཇི་ཡིན་དང་། བོད་མི་སོ་ནམ་པ་ཚོའི་བསམ་ཚུལ་རྣམས་སོགས་བཀའ་ཤག་དང་ནང་སྲིད་ལས་ཁུངས་སུ་སྙན་སེང་ཞུས་པ་དང་། ཕུན་ཚོགས་གླིང་ས་གནས་འགོ་འཛིན་ནས་ཀྱང་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་སུ་བཅར་ནས་བོད་མི་སོ་ནམ་པ་ཚོའི་སྟོན་ཐོག་ལ་འབྱུང་བའི་གོད་ཆགས་ཕོག་སྟེ་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་སྐོར་ཞུ་གཏུག་གནང་བ་ཙམ་མ་ཟད། ངལ་སེལ་རོགས་རམ་ཐོབ་ཐབས་ཆེད་འབོད་སྐུལ་ཞུས་འདུག ས་གནས་མང་ཚོགས་ནས་ཀྱང་དོན་གྲུབ་ཚེ་རིང་ལགས་རྟོག་ཞིབ་སླད་ཆེད་མངགས་ཕེབས་པ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཀྱང་ཞིང་པ་མང་ཚོགས་རྣམས་དཀའ་ངལ་འཕྲད་བཞིན་པའི་ཉག་ཕྲའི་དུས་སྐབས་འདིར་གཟིགས་རྟོག་གནང་བར་དགའ་ཚོར་དང་སྦྲགས་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་སྔོན་འགྲོའི་ཚོད་དཔག་བྱས་པ་ལྟར་ན་ཐེངས་འདིར་འབྱུང་བའི་གོད་ཆགས་འོག་ཧིན་སྒོར་ས་ཡ་ ༣༠ དང་། ཨ་སྒོར་ ༤༠༨༣༣༠ གྱོང་གུད་ཕོག་འདུག