ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༥༠ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ཀྱི་གནད་དོན་སེལ་ཆེད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འདིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་རེ་བ་གསར་པ་ཞིག་བསྐྲུན་ཡོད། འདས་པའི་ལོ་ངོ་ ༦༠ རིང་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང་། མི་རིགས་དབྱེ་འབྱེད། དཔལ་འབྱོར་བཤུ་གཞོག ཆོས་དང་རིག་གཞུང་། ཁོར་ཡུག་སོགས་གཏོར་བཤིག་ཚབས་ཆེན་བཏང་ཡོད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བསལ་བློ་ནི། མང་གཙོ་མེད་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ཡིན་ཞིང་། རྒྱ་ནག་སྟོབས་ཤུགས་འཕེལ་བཞིན་པའི་སྐབས་འདིར་ལྷོ་ཨ་ཕི་རི་ཁ་དང་། ཨོ་སི་ཊོ་ལི་ཡའི་ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ནང་བོད་དོན་སྐོར་གླེང་སློང་བྱེད་སྐབས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད། བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ། གྲོས་མོལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་མཚུངས་རེད། ད་ལྟའི་ཆར་རྒྱལ་སྤྱིའི་ནང་འགྱུར་ལྡོག་ཅི་ཞིག་འགྲོ་བཞིན་པ་ནི། དྲག་པོའི་སྟོབས་འཕེལ་བཞིན་ཡོད་པ་དང་། གུ་ཡངས་རིང་ལུགས་ཉམས་རྒུད་དུ་འགྲོ་བཞིན་ཡོད།
དཔལ་འབྱོར་གྱི་ཆ་ནས་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ངང་ནས་ངེས་པར་དུ་སེལ་དགོས། ཁྱེད་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་རིག་གཞུང་ལ་རྒྱབ་སྐྱོར་གནང་གི་ཡིན་ཞེས་དྲང་པོ་གསུངས་པ་ནང་བཞིན་རེད། རང་སྐྱོང་དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བ་ལྟར་ལག་བསྟར་བྱེད་དགོས། བོད་ནང་གི་གནས་སྟངས་ད་ལྟའི་ཆར་ཧ་ཅང་ཛ་དྲག་གི་ངང་གནས་ཡོད། རང་དབང་ཁང་པའི་ Freedom House སྤྱི་ཁྱབ་འགན་འཛིན་ CEO འདིར་ཕེབས་ཡོད།
རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཉུང་ཤོས་ཡོད་མཁན་རྒྱལ་ཁབ་སི་རི་ཡ་ Syria ཡིན་ཞིང་། གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་འཁོད་འདུག དེར་བརྟེན་བོད་མི་ཚོར་མཚོན་ན་ཁྱེད་རྣམ་པས་བོད་དོན་ཆེད་གླེང་སློང་དང་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། འོས་བསྡུ་འགྲོ་བཞིན་པའི་སྐབས་འདིར་ཁྱེད་རྣམ་པས་དུས་ཚོད་རྩ་ཆེན་པོ་བློས་བཏང་ནས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་དུ་ཕེབས་ཐུབ་ན་དགེ་མཚན་ཆེ་བ་ཡོད།
རྒྱ་ནག་གཞུང་གི་སྣེ་ཤན་པའི་རྐྱེན་གྱིས་བོད་ནང་ཕེབས་ནས་ཁྱེད་རྣམ་པས་བོད་ཀྱི་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་མ་ཐུབ་ནའང་། བོད་ནང་གང་མཐོང་བ་དེ་དག་སླར་རང་ཡུལ་དུ་ལོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ཡིན་ན། དེས་ཏན་ཏན་བོད་མི་ཚོར་སེམས་ཤུགས་སྐྱེད་པར་ཕན་ཐོགས་ཐུབ།
ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་ཕེབས་རྗེས། ཁོང་རྣམ་པ་བཞུགས་སྒར་རྡ་སར་ཕེབས་ཡོད། དེ་བཞིན་ཁྱེད་རྣམ་པ་ཡང་བཞུགས་སྒར་རྡ་སར་ཕེབས་རོགས། དགའ་བསུ་ཞུ་རྒྱུ་ཡིན། བོད་ནང་ད་བར་བོད་མི་ ༡༥༢ ཀྱིས་རང་ལུས་མེར་སྲེག་གནང་ཡོད། དེ་ནི་གནས་ཚུལ་ཧ་ཅང་ཚབས་ཆེན་རེད།
ང་ཚོས་རང་ལུས་མེར་སྲེག་གནང་མཁན་ཚོར་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ནའང་། ཁོང་རྣམ་པས་རང་ལུས་མེར་སྲེག་མུ་མཐུད་གནང་གི་ཡོད། འཚེ་མེད་ཞི་བ་དང་བདེན་པ་ཉིད་དར་བར་ཤོག ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་བརྙན་འཕྲིན་གསར་འགོད་པ་དང་གསར་འགོད་པ་གཞན་ཁག་གཅིག་གི་བཅར་འདྲིར་དང་ལེན་གནང་བ་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་བཅས།།