༢༠༡༨ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཐེངས་ ༢༣ པར་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུ་དོན་ལྟར། གོང་ཚེས་ཉིན་གྱི་ཞོགས་པ་དྷ་ས་ནས་ཕྱོགས་ཐོན་གྱི་སུ་ཇཱ་བོད་ཁྱིམ་དུ་ཕེབས་འབྱོར་མཚམས་སློབ་གྲྭའི་རྒྱལ་སྒོ་ནས་རྔ་རོལ་དང་བཅས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་སྡིངས་ཆའི་སྟེངས་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་སུ་ཇཱ་བོད་ཁྱིམ་ངེས་སྟོན་པ་རྒན་རྣམ་གྲོལ་བཀྲ་ཤིས་ལགས་ཀྱིས་འཚམས་འདྲི་དང་སྦྲགས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་ཞུས།
དེ་རྗེས་སློབ་ཕྲུག་རྣམས་ཀྱིས་གུས་འདུད་རུ་སྒྲིག་གཟིགས་འབུལ་ཞུས་རྗེས་བཀའ་བློན་མཆོག་ནས་རྩེད་འགྲན་གྱི་དར་ཆ་སྒྲེང་འཛུགས་ཀྱིས་སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཐེངས་ ༢༣ པ་དབུ་འབྱེད་གསལ་བསྒྲགས་གནང་བ་དང་སྦྲགས་རྩེད་འགྲན་དབུ་འཛུགས་ཀྱིས་ཐོག་མར་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་ནང་དོན། བཀའ་བློན་མཆོག་ལ་མཚོན་ན་ཁོང་རང་ཉིད་དེ་སྔ་སུ་ཇཱ་བོད་ཁྱིམ་གྱི་དགེ་རྒན་ཟུར་པ་ཞིག་ཡིན་པས་ད་རེས་ལོ་འཁོར་རྩེད་འགྲན་དུ་བཅར་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། སློབ་ཕྲུག་གནས་སྐབས་ལུས་སེམས་གཉིས་ཀྱི་འཚར་ལོངས་བྱེད་ཀྱི་ཡོད་སྟབས། སློབ་མ་རྣམས་ལ་རྩེད་མོ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རྩེད་མོ་རྩེ་སྐབས་ཐོབ་ཤོར་དང་རྒྱལ་ཕམ་ཡོང་བ་ནི་ཆོས་ཉིད་ཡིན། དེར་བརྟེན་ཕམ་མཁན་ཚོས་བཟོད་སྒོམ་ཐུབ་པ་དགོས་རྒྱུ་མ་ཟད། རྩེད་མོའི་བརྒྱུད་ནས་མཉམ་རུབ་དང་། འགོ་ཁྲིད། བཟོད་སྒོམ། གུས་ཞབས། སྒྲིག་འཛུགས། ཁྲིམས་དང་མཐུན་པ་བཅས་བཟང་སྤྱོད་ཀྱི་རིན་ཐང་དེ་དག་རང་རྒྱུད་ལ་འཇགས་ཐུབ་རྒྱུ་བཅས་ལེགས་ཆ་མང་པོ་ཞིག་ཡོད་པ་དང་། དེའི་ཐད་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་མི་བཟང་པོ་ཞིག་དང་། སློབ་མ་བཟང་པོ་ཞིག་བྱེད་དགོས་པ་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་།
ཉིན་གུང་གསོལ་ཚིགས་གྲུབ་རྗེས་སློབ་གྲྭའི་ ༼གངས་ལྗོངས་ང་ཚོའི་ཕ་ཡུལ་༽ འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་སྟེ་ཉིན་རྒྱབ་རྩེད་འགྲན་པ་རྣམས་ལ་བྱ་དགའ་གནང་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་རྩེད་འགྲན་རེ་ཞིག་མཇུག་བསྒྲིལ་བ་བཅས།།