ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༦ ཉིན་ཨིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་གསུམ་སྟེ་རྙིང་ཞེན་ཚོགས་པའི་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ Rt Hon TimLoughton མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་ Hon Chris Law མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ Hon Kerry McCarthy མཆོག གཞན་ཡང་ལྕམ་སྐུ་ཨེ་ལི་ཛད་བྷེ་ཐི་ལུབ་ཊོན་ Elizabeth Loughton ལགས་བཅས་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་ Gloria Montgomery ལགས་བཅས་བཞུགས་སྒར་རྡ་སར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཇལ་འཕྲད་གནང་ཡོད་པ་དང་། ཕྱེད་ཡོལ་དཔལ་ལྡན་བཀའ་ཤག་ནས་བཀའ་ཤག་ཚོགས་ཁང་དུ་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པར་གསོལ་ཚིགས་འདེགས་འབུལ་ཞུས།
ཕྱི་ཚེས་ ༢༧ ཉིན་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ལ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་སྐོར་སོགས་ངོ་སྤྲོད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམ་པར་གྲོས་ཚོགས་ཀྱི་མཇལ་འཕྲད་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་སོགས་ངོ་སྤྲོད་སྙིང་བསྡུས་འགྲེལ་བརྗོད་དང་། སྤྱི་འཐུས་ལྷན་ཚོགས་དང་རྒྱལ་སྤྱིའི་གྲོས་ཚོགས་དབར་འབྲེལ་ལམ་འཇོག་སྟངས། བོད་ནང་གི་བོད་མིའི་གནས་སྟངས་ལ་དུས་ནས་དུས་སུ་རྒྱལ་སྤྱིིའི་ནང་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་བཞིན་པའི་སྐོར། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་བཅས་ཀྱི་སྐོར་གསུངས། སྐབས་དེར་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས།
དེ་རིང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཐོག་མར་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ་། རྡ་ས་ས་གནས་འགོ་འཛིན་སོགས་ལ་གསུང་བཤད་གནང་། ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་མཆོག་ས་ཐག་རིང་བའི་ཨིན་ཡུལ་ནས་བཞུགས་སྒར་རྡ་སར་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པས་ལོ་མང་རིང་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པས་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གི་སྟོབས་ཤུགས་ལ་བརྟེན་ནས་བོད་ནང་སྨྲ་བརྗོད་ཀྱི་རང་དབང་མེད་ནའང།
བོད་ཀྱི་ཕྱི་ལོགས་སུ་མང་གཙོ་དང་རང་དབང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སོགས་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་ལྟ་བུ་འདིར་ཕེབས་པ་དེས་དུས་རྟག་ཏུ་བོད་ཀྱི་རྩ་དོན་ཆེད་གླེང་སློང་གནང་གི་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་གཞུང་ལ་བཏང་བ་རེད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་བ་ཙམ་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་སྐོར་བཀའ་སློབ་སྩལ་ཡོད།
ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཞིག་ཐོག་གནས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད། དཔལ་འབྱོར། ཁོར་ཡུག་སོགས་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས། ད་ལྟའི་ཆར་ཨིན་ཡུན་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན་གནང་ཐབས་བྱེད་བཞིན་པ་དང་། དེར་བརྟེན་ཨིན་ཡུལ་ནང་ཆབ་སྲིད་ཀྱི་གླེང་ཕྱོགས་མ་མཐུན་པའི་རྐྱེན་གྱིས་ནང་ཁུལ་ལ་མཐུན་སྒྲིལ་དེ་ཙམ་མེད་ཀྱང་། ང་ཚོས་བོད་ཀྱི་འཐབ་རྩོད་དང་། བོད་ཀྱི་རྩ་དོན། བོད་རྒྱ་ཆེའི་མི་མང་ཆེད་དུ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། ཞེས་གསུང་།
དེ་རྗེས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་མཆོག་གིས། “ང་བཞུགས་སྒར་རྡ་སར་ཐེངས་ཁ་ཤས་སླེབས་མྱོང་ཡོད། ཕྱི་ལོ་ ༡༩༩༢ ལོར་ང་ཐེངས་དང་པོ་བཞུགས་སྒར་རྡ་སར་ཡོང་བ་ཡིན། དུས་དེ་ནས་བཟུང་ངས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་འགོ་བཙུགས་པ་ཡིན། འཛམ་གླིངམི་མང་གིས་ཁྱེད་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act གཏན་འབེབས་གནང་བ་བཞིན་ང་རང་ཨིན་ཡུལ་ལ་ཕྱིར་ལོག་རྗེས་ཨིན་ཡུལ་གྲོས་ཚོགས་ནང་དུའང་དེའི་སྐོར་བགྲོ་གླེང་བྱེད་ཐུབ་པའི་འབད་བརྩོན་ཞུ་རྒྱུ། ཞེས་གསུངས། མཐར་དཔལ་ལྡན་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །