ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང༌། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་འཇམ་དཔལ་ལྷུན་གྲུབ་ལགས་དང་བཀྲིས་གཟུམ་ཆུང་ལགས། དེ་བཞིན་སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་བཅས་དབུ་བཞུགས་ཐོག་སྦན་ད་ར་ས་གནས་ཀྱི་མཉམ་འབྲེལ་ལས་ཁང་གི་འབྲས་འཐག་ལས་གཞི་གསར་པ་༼གངས་ལྗོངས་ནོར་འབྲས་བཟོ་གྲྭ།༽ ཞེས་པ་དབུ་འབྱེད་གནང་འདུག
དེ་ཡང་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ལྷན་བཅར་སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་རྣམ་གཉིས་འདི་ཟླའི་ཚེས་ ༦ ཉིན་སྦན་ད་ར་ས་གནས་ཀྱི་ནག་སྤུར་གནམ་ཐང་དུ་ཕེབས་འབྱོར་སྐབས་འདི་གའི་ས་འགོ་དང༌། སྦན་ད་ར་གཞིས་ས་གནས་མཉམ་འབྲེལ་ཚོགས་གཙོ་གཉིས་ནས་ཕེབས་བསུ་ཞུས་ཡོད་ཅིང༌། འདི་ཉིན་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་གཞིས་ཆགས་མགྲོན་ཁང་དུ་ཕེབས་འབྱོར་བྱུང་མཚམས་སྦན་ད་ར་གཞིས་ཆགས་ཀྱི་གཞུང་དང༌གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་འགན་འཛིན་ལས་བྱེད་རྣམས་ནས་ཕེབས་བསུའི་འཚམས་འདྲི་ཞུས།
ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཙམ་ལ་ས་གནས་མཉམ་འབྲེལ་གྱི་འབྲས་འཐག་ལས་གཞི་གསར་པ་༼གངས་ལྗོངས་ནོར་འབྲས་བཟོ་གྲྭ་ Tibet Rice Mill༽ དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་དང༌། དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་འཇམ་དཔལ་ལྷུན་གྲུབ་ལགས་དང་བཀྲིས་གཟུམ་ཆུང་ལགས། དེ་བཞིན་སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ཆེད་ཕེབས་གནང་སྟེ་གངས་ལྗོངས་ནོར་འབྲས་བཟོ་གྲྭ་དབུ་འབྱེད་གནང་ཡོད། མ
ཛད་སྒོའི་སྐབས་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་མི་མང་ལ་འབྲས་འཐག་གི་ལས་གཞི་གསར་པ་ཐོག་མའི་བྱུང་རིམ་ངོ་སྤྲོད་དང༌། གངས་ལྗོངས་ནོར་འབྲས་བཟོ་གྲྭའི་འཛིན་སྐྱོང་བྱ་ཕྱོགས་ཐད་ལ་ལམ་སྟོན། དེ་བཞིན་མ་འོངས་པར་རྒྱུན་གནས་དང་གོང་འཕེལ་ཡོང་ཐབས་སུ་འབད་བརྩོན་གནང་དགོས་སྐོར་གྱི་ལམ་སྟོན་གཟབ་རྒྱས་གནང་ཡོད་པ་དང༌། སློབ་ཕྲུག་དང༌། མི་མང་ནས་རྟེན་འབྲེལ་ཚོན་བྱེད་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཏེ་མཛད་སྒོ་གང་ལེགས་བྱུང་ཡོད།
འདི་ཉིན་གྱི་ཉིན་རྒྱབ་ཀྱི་ཆུ་ཚོད་ ༣།༣༠ ཐོག་དཔལ་ལྡན་ནང་བཀའ་མཆོག་ནས་གཞིས་གྲོང་གཉིས་ཀྱི་འགྲོ་ལམ་ཁག་དང༌། སྤྱི་ཁང་གསར་རྒྱག་ཐོག་ལ་གཟིགས་ཞིབ་གནང་སྟེ། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༠༠ ཙམ་ལ་ས་གནས་འགོ་འཛིན་དང་ས་གནས་མཉམ་འབྲེལ་ཚོགས་གཙོ་གཉིས་ཀྱི་ཕེབས་སྐྱེལ་འོག་ས་གནས་ཀྱི་ནག་སྤུར་གནམ་ཐང་ནས་ཕེབས་ཐོན་གནང༌།
དེ་ཡང་དཔལ་ལྡན་ནང་སྲིད་ལས་ཁུངས་ནས་སྔ་རྗེས་སུ་ལམ་སྟོན་ཇི་གནང་ལྟར་སྤྱི་ཁྱབ་འཆར་འགོད་འགན་འཛིན་མཆོག་ནས་ལས་གཞིའི་ཐོག་བྱུས་འགོད་དང་ལམ་སྟོན་སོགས་གནང་བ་དང༌། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་མ་དངུལ་ཁྱོན་བསྡོམས་སྒོར་འབུམ་ ༡༥༧ གསོལ་བསྩལ་གནང་བ་བཅས་ལ་བརྟེན་ནས་སྦན་ད་ར་བོད་མིའི་མཉམ་འབྲེལ་གྱི་འབྲས་འཐག་བཟོ་གྲ་གསར་པའི་ལས་གཞི་འདི་བཞིན་ལེགས་གྲུབ་ཐུབ་པ་བྱུང་ཡོད་འདུག་པ་བཅས། །