ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ རེས་གཟའ་ཟླ་བ།
༄༅།འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་ཕྱི་ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོག་མཆོག་ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སིམ་ལར་ཕེབས་འབྱོར་གྱིས་ཕྱེད་ཡོལ་ཆུ་ཚོད་ ༤ ནས་ ༦ བར་ཁུལ་དེའི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མུ་ཀེཤ་ཨགྣི་ཧོཏྲི་ Mukesh Agnihotri མཆོག དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་སྐུ་ཞབས་སན་ཇེ་ཀ་རོལ་ Chief Justice Sanjay Karol མཆོག་བཅས་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་ཚོགས་གཞོན་མཆོག་གིས་བོད་ནང་དང་བཙལ་བྱོལ་བོད་མིའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སྐོར་སོགས་ཞིབ་ཕྲ་གསལ་བཤད་དང་སྦྲགས་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
དེ་བཞིན་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་གཞོན་མཆོག་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༨ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་སིམ་ལའི་མང་ཚོགས་དང་སློབ་ཕྲུག་ཡོངས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་པ་མ་ཟད། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་དྲན་སྐུལ་ཡང་གནང་ཡོད། མཛད་སྒོའི་ཐོག་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠ མཉམ་ཞུགས་གནང་འདུག
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་སིམ་ལར་རྟེན་གཞི་བྱས་པའི་ Gaiety Theater ཞེས་པའི་འཁྲབ་སྟོན་ཁང་དུ”རྒྱལ་ཡོངས་གསར་འགྱུར་བསྟི་གནས་ཁང་” National Media Foundation” ཞེས་པ་དབུ་བརྙེས་ནས་ལོ་ངོ་ ༤༠ འཁོར་བའི་དུས་སྟོན་མཛད་སྒོར་ཚོགས་གཞོན་མཆོག་ལ་ཇི་ལྟར་མགྲོན་འབོད་ལྟར་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་འདུག དེ་ཡང་མཛད་སྒོའི་སྐབས་ “རྒྱ་གར་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་ལས་གཞི་གོང་འཕེལ་དང་། གསར་འགྱུར་རྒྱུད་ལམ་གྱི་ལས་འགན་ “International Tourism in India and Role of Media” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག
སྐབས་དེར་དམིགས་བསལ་སྐུ་མགྲོན་དུ་ Sh. Balyogi Umesh Nath མཆོག་དང་། སྐུ་མགྲོན་གཞན་སིམ་ལ་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་ Smt. Kusum Sadrate མཆོག རྡ་སའི་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་སྐུ་ཞབས་ཀུལ་དིམ་ཅནྡ་ཨགྣི་ཧོཏྲི་ Dr. Kuldeep Chand Agnihotri མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་གོང་མའི་འཕྲུལ་རིག་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ Sh. Dharmesh Kumar Sharma མཆོག རྒྱལ་ཡོངས་གསར་འགྱུར་ཚན་པའི་ཚོགས་གཙོ་སྐུ་ཞབས་རཱཇེནྡྲ་ཇེན་Sh. Rajendra Jain མཆོག ལྷོ་ཨེ་ཤི་ཡའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨོ་པི་ཡཱ་དབ་ Dr. O.P. Yadav མཆོག་སོགས་ཕེབས་ཡོད། ལྷན་ཚོགས་དེའི་ནང་རྒྱ་གར་མངའ་སྡེ་ ༡༥ ཙམ་ནས་གསར་འགྱུར་རྒྱུད་ལམ་ཁག་གི་གནད་ཡོད་མི་སྣ་དང་གསར་འགོད་པ་སོགས་མི་གྲངས་ ༣༥༠ ལྷག་ཕེབས་འདུག
ལྷག་པར་སིམ་ལ་གནས་འཁོད་བོད་མི་གྲངས་ ༥༠ ཙམ་ལྷན་ཚོགས་དེར་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསར་འགྱུར་རྒྱུད་ལམ་ནི་མང་གཙོའི་ཀ་བ་བཞི་པ་ཡིན་པར་བརྟེན་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལག་ཆ་བཟང་ཤོས་ཤིག་ཆགས་ཡོད་པ་དང་། བརྗོད་གཞི་དང་འབྲེལ་བོད་ནང་གི་ད་ལྟའི་གནས་སྟངས་དཔེར་བཀོད་ནས་གསར་འགྱུར་རྒྱུད་ལམ་ནས་སྤྱི་ཚོགས་གང་སར་གནས་ཚུལ་བདེན་པ་ཇི་ཡིན་ལ་རྒྱབ་སྐྱོར་ཐུབ་པ་དགོས་གལ་སོགས་གསུངས། སྤྱིར་མཛད་སྒོ་དེེ་ནི་རྒྱལ་ཡོངས་གསར་འགྱུར་བསྟི་གནས་ཁང་དང་ “National Media Foundation” དང་། ལྷོ་ཨེ་ཤི་ཡའི་གསར་འགོད་མཐུན་ཚོགས་ “Parliament Press Club of South Asia” གཉིས་བཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག
ཕྱི་ཚེས་ ༣ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སིམ་ལར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་ Indo Tibetan Friendship Society དང་། ཧི་མཱ་ལ་ཡི་ཁྱིམ་ཚང་Himalaya Parivar ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཡོད་པའི་རྒྱུན་ལས་མི་གྲངས་ ༡༥ ཙམ་དང་ཚོགས་གཞོན་མཆོག་མཇལ་འཕྲད་དང་སྦྲགས་བོད་ནང་གྱི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལྷན་ཁང་སོ་སོའི་གཞུང་འབྲེལ་ལས་དོན་སྤེལ་ཕྱོགས། རྒྱ་གར་ཁྱོན་ཡོངས་ཀྱི་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་བ་མ་ཟད། ཁོང་རྣམས་ལ་དེ་སྔ་ལྟར་མ་འོངས་པར་ཡང་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་དང་། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་གོང་འཕེལ་གཏོང་ཐབས་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་པ་བཅས།