ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༢༥ བར་ཡུ་རོབ་རྒྱལ་ཁབ་སུ་བེ་ཌིན་དང་། Sweden ནེ་ཌིར་ལན་ཌི། Neitherland འཇར་མ་ནི། Germany སུད་སི་ Swiss བཅས་སུ་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ་ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ ༡༢།༡༠ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
སྐབས་དེར་རྒྱ་གར་གྱི་གསར་འགོད་པ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆིབས་སྒྱུར་གྱི་མཛད་འཆར་ཁག་ཇི་ལྟར་བྱུང་བའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཧ་ཅང་ཡག་པོ་བྱུང་བ་དང་། སྐུ་ཐང་ཕྲན་བུ་ཆད་སྟབས། ད་ཆ་སྐུ་ངལ་གསོ་རྒྱུའི་དུས་ཚོད་ཕྲན་བུ་དགོས་སྐོར་བཀའ་ལན་སྩལ། །