ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་གྲོང་ཁྱེར་ཝིན་ཊར་ཐུར་ Winterthur ནང་རྟེན་གཞི་བྱས་པའི་ཛུ་རི་ཁི་ཚན་རིག་མཐོ་སློབ་ཁང་དུ་འགྲོ་བ་མིའི་རིན་ཐང་དང་ཤེས་ཡོན་ Human Values and Education ཞེས་པའི་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས ༢༤ ཉིན་བཀའ་སློབ་སྩལ་དོན། བརྩེ་བའི་མཆེད་གྲོགས་ཕོ་མོ་རྣམ་པ། ངོས་ཀྱིས་མི་ཞིག་གི་གདོང་མཐོང་སྐབས་མཆེད་གྲོགས་ཕོ་མོ་གཞན་པ་ཞིག་མཐོང་སོང་སྙམ་གྱི་ཡོད། ང་ཚོས་རིམ་པ་གཉིས་པའི་ཁྱད་པར་དཔེར་ན། ཆོས་ལུགས་དང་། ཚོགས་སྡེ། དབུལ་ཕྱུག་གི་ཁྱེད་པར་སོགས་ཀྱི་སྐོར་དོ་སྣང་སྤྲོད་རྒྱུ་མང་དྲགས་སྟབས། ང་ཚོ་དང་ཁོང་ཚོ་ཞེས་པའི་བློ་དེ་འབྱུང་གི་ཡོད། དེ་རིང་ཁ་སང་འཛམ་བུ་གླིང་ནང་རང་བྱུང་གི་གནོད་པ་མ་གཏོགས་ང་ཚོར་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་ང་རང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། དེར་བརྟེན་མི་མང་པོ་སེམས་སྐྱིད་པོ་ཡོང་གི་མེད།
སྔ་མོ་ཡིན་ན་འགྲོ་བ་མིའི་གྲངས་འབོར་ཆུང་ཆུང་རེད། སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་གཅིག་ལ་གཅིག་བརྟེན་ནས་གནས་པ་རེད། དེང་སང་མིའི་གྲངས་འབོར་འཕེལ་བར་བརྟེན། ཚོགས་སྡེ་འདི་དང་དེ། ལུང་པ་འདི་དང་དེ་ཞེས་དབྱེ་འབྱེད་གནང་གི་ཡོད། དུས་རབས་ཉི་ཤུ་པའི་ནང་ག་རེ་བྱས་ནས་འཛམ་གླིང་དམག་ཆེན་གཉིས་བྱུང་བ་རེད། དེ་རིང་ཁ་སང་དཀྱིལ་ཤར་ཨེ་ཤི་ཡའི་ནང་ངའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་ཆོས་ལུགས་ཀྱི་ཕྱོགས་རིས་ལ་བརྟེན་ནས་ཕན་ཚུན་གསོད་རེས་གཏོང་གི་ཡོད། རྩོད་རྙོག་དེ་དག་ང་ཚོ་མིས་བཟོས་པ་ཡིན་པས། རྩོད་རྙོག་དེ་དག་སེལ་བའི་འགན་ཁུར་ང་ཚོ་ཚང་མར་ཡོད།
རེ་བ་ཞིག་ཏན་ཏན་འདུག དུས་རབས་ཉི་ཤུ་པའི་སྨད་ནི་དུས་རབས་ཉི་ཤུ་པའི་སྟོད་དང་མ་འདྲ་བ་ཆགས་ཡོད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུར་ཡིད་སྨོན་ཤོར་མཁན་ཞིག་ཡིན། ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན་བྱས་པ་དེ་བསམ་བློ་གུ་དོག་དྲགས་པའི་རྐྱེན་རེད། ང་ཚོའི་བར་ཁྱད་པར་ཅུང་ཙམ་ཡོད་ཀྱང་། ང་ཚོས་བསམ་བློ་གཏིང་ཟབ་བཏང་བ་ཡིན་ན་འགྲོ་བ་མི་ཚང་མ་གཅིག་པ་རེད། ང་ཚོ་སྐྱེ་བའི་སྐབས་ལའང་གཅིག་པ་བྱས་ནས་སྐྱེའི་ཡོད་ལ། འཆི་བའི་སྐབས་སུའང་གཅིག་པ་བྱས་ནས་འཆིའི་ཡོད། ཚན་རིག་པས་སྐད་རྒྱག་མི་ཤེས་པའི་སྐབས་ཀྱི་ཕྲུ་གུ་ཆུང་ཆུང་ལ་བརྟག་དཔྱད་བྱས་པ་བརྒྱུད་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་རང་བཞིན་རེད་ཅེས་བརྗོད་ཀྱི་འདུག དེ་དང་ཕྱོགས་མཚུངས་ཚན་རིག་པས། དུས་རྟག་ཏུ་ཁོང་ཁྲོ་ཟ་བ་དང་འཇིགས་སྣང་ཆེན་པོ་སྐྱེས་པ་ཡིན་ན་ང་ཚོའི་ལུས་ཟུངས་ཀྱི་བདེ་ཐང་ལ་ Immune system གནོད་ཀྱི་ཡོད་པ་དང་། སེམས་ལ་ཞི་བདེ་ཡོད་ན་ང་ཚོའི་འཕྲོད་བསྟེན་ལ་ཕན་གྱི་ཡོད་པ་བརྗོད་ཀྱི་འདུག
ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་བཞིན་ཡོད། ངོས་རང་སྔོན་མ་བྷར་སི་ལོ་ན་ Barcelona ལ་ཐེངས་ཤིག་ཕྱིན་སྐབས་མོར་སི་ལོ་ན་ཟེར་བའི་ལྷ་ཁང་ལྟ་བུ་ཆེན་པོ་ཞིག་འདུག ངོས་རང་དེར་སླེབ་སྐབས་ཁལ་ཐོ་ལི་ཁི་ཡི་ཆོས་པ་ཞིག་གིས་ངོས་ལ་ཐུག་འདོད་བྱེད་ཀྱི་འདུག་ཅེས་ཟེར་ནས་ཐུག་པ་རེད། ཁོང་གིས་ལོ་ལྔའི་རིང་སི་པིན་གྱི་མོན་སེ་རད་ཊི་ Montserrat ཁལ་ཐོ་ལི་ཁི་ Catholic ལྷ་ཁང་གི་རྒྱབ་ལོགས་ཀྱི་རི་དེའི་སྟེང་ང་རང་ཚོས་བཤད་ན་བྱ་བྲལ་ལྟར་ཇ་དང་བག་ལེབ་མ་གཏོགས་ཟ་མ་གཞན་མེད་པར་བསྡད་འདུག ངས་ཁོང་ལ་ངོས་ཀྱིས་གོ་ཐོས་ལ་ཁྱེད་རང་ལོ་ལྔའི་རིང་བྱ་བྲལ་བྱས་ནས་བཞུགས་པ་རེད་ཅེས་གོ་སོང་། རི་ལ་ག་རེ་གནང་ནས་བཞུགས་པ་ཡིན་ཞེས་བཀའ་འདྲི་ཞུས་པ་ཡིན། ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་གསུང་གི་འདུག ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་གསུངས་པ་དང་། གཞན་དང་མི་འདྲ་བའི་བདེ་བ་ཞིག་ཡོད་པའི་རྣམ་པ་ཁོང་གི་མིག་གི་ནང་དུ་ཧ་ཅང་གསལ་བོ་མཐོང་སོང་། ཁོང་ཡང་ས་གནས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་བ་རེད།
ང་ཚོར་གྲོགས་པོ་དགོས་ཀྱི་ཡོད། གྲོགས་པོའི་འདུ་ཤེས་དེ་ཡང་ཕན་ཚུན་གྱི་ཡིད་ཆེས་ལ་བརྟེན་ནས་ཡོང་དགོས། དངུལ་དང་དབང་ཆས་ཡིད་ཆེས་སླེབ་འཇུག་མི་ཐུབ། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་དགོས། ཡིད་ཆེས་ཟེར་བ་དེ་ཁྲོམ་ར་ཆེན་པོ་ཞིག་ནས་ཉོ་མི་ཐུབ། སྔ་མོ་ཡིན་ན་སུད་སི་མི་མང་དང་བོད་མི་ཚོ་རིའི་རྒྱབ་ལོགས་ལ་ཡིད་ཚིམ་ནས་སྡོད་ཀྱི་ཡོད། འོང་ཀྱང་ད་ལྟ་འགྲོ་བ་མི་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མར་གོ་ལ་སྤྱིའི་འགན་འཁྲི་ཡོད།
ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པ་རེད་ཅེས་ཡིད་ཆེས་བྱེད་པའམ་ཡང་ན་ལས་ལ་ཡིད་ཆེས་བྱེད་པ་ཡིན་ན་ཡིད་ལ་བདེ་སྐྱིད་འབྱུང་གི་ཡོད། མ་རབས་ཀྱི་བྱ་སྤྱོད་དེས་སྡུག་བསྔལ་འབྱུང་གི་ཡོད། ང་ཚོས་ནང་སེམས་ཀྱི་ཞི་བདེའི་སྐོར་བསམ་བློ་མང་ཙམ་གཏོང་དགོས། ལོ་ངོ་ ༢༠༠ གོང་ཡི་ཤུའི་ཆོས་སྡེ་དེ་དག་གིས་སེམས་ཀྱི་རིན་ཐང་དང་ཤེས་ཡོན་སྐོར་ལྟ་རྟོག་གནང་ཡོད་པ་རེད། དེང་སང་ནང་སེམས་ཀྱི་རིན་ཐང་དེ་ཤེས་ཡོན་གྱི་སློབ་ཚན་ནང་འཇོག་དགོས། དེ་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞི་བཞག་ནས་མི་འཇོག་པར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཞིར་བཞག་ཐོག་འཇོག་དགོས།
ང་ཚོས་གཟུགས་པོའི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་རྗོད་ཀྱི་ཡོད་པ་ལྟར། སེམས་ཞི་ཞིང་དུལ་བ་ཞིག་ཡོང་དགོས་ན་ནང་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་བསམ་ཚུལ་དེ་ངོས་རང་ས་ཕྱོགས་གང་དུ་ཕྱིན་ཡང་རྗོད་ཀྱི་ཡོད། གསལ་པོ་བྱུང་སོང་ངམ། ཞེས་སོགས་ཀྱི་བཀའ་སློབ་སྩལ།
བགྲོ་གླེང་གནང་མཁན་ཁག་གཅིག་གིས་གོང་གི་བརྗོད་གཞི་དང་འབྲེལ་བའི་སྐོར་བགྲོ་གླེང་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཁག་གཅིག་གི་དྲི་བ་ལ་བཀའ་ལན་གནང་ཡོད་པ་བཅས། །