ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ རེས་གཟ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་ཡུ་རོབ་རྒྱལ་ཁབ་སུ་ཝི་ཌེན་ལྷོ་ངོས་ཀྱི་གྲོང་ཁྱེར་མལ་མོ་ཞེས་པའི་ནང་མི་མང་ཆིག་སྟོང་ཉིས་བརྒྱ་བརྒལ་བར་བདེ་སྐྱིད་ཀྱི་ཐབས་ལམ་དང་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་སྐབས་དེར་ཐོག་མར་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་ཀ་ཏི་སི་ཨ་ཡི་སི་ཊོམ་ Kattis Ahlstrom ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས། དེ་རྗེས་གཞས་པ་གཞས་མ་ཁག་གཅིག་གིས་རོལ་དབྱངས་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་བསྟུན། མགོན་པོ་གང་ཉིད་མཆོག་གིས་སྡིངས་ཆ་ཙམ་མིན་པར་ཚོགས་ཁང་ཡོངས་ཀྱི་གློག་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་རྣམས་ཀྱི་ངོ་གདོང་ཇེ་གསལ་དུ་གྱུར་སྐབས་ཐུགས་དགྱེས་ཚོར་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ང་ཚོ་ཚང་མ་འགྲོ་མི་ཡིན་པ་གཅིག་མཚུངས་རེད། སུ་ཝི་ཌེན་གྱི་མི་དང་བོད་མི་ཟེར་བ་དེ་དག་རིམ་པ་གཉིས་པའི་གནས་སྟངས་རེད། ང་ཚོ་ཚང་མར་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་ཡོད་པ་གཅིག་མཚུངས་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་ཀྱང་ཕན་ཚུན་བརྙས་བཅོས་དང་ཁྱད་གསོད། མགོ་སྐོར་བསླུ་བྲིད། དེ་བཞིན་དབུལ་ཞིང་ཕོངས་པའི་དཀའ་ངལ་སོགས་མིས་བཟོས་པའི་དཀའ་ངལ་རེད། འོན་ཀྱང་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་ཡིན་སྟབས། ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་ཆགས་ཡོད། དེར་བརྟེན་དཀའ་ངལ་དེ་དག་སེལ་རྒྱུར་ང་ཚོ་མི་ལ་འགན་འཁྲི་ཡོད་པ་མ་ཟད། ང་ཚོས་གཞན་ལ་བདེ་སྒྲུབ་རྒྱུར་འབད་བརྩོན་བྱེད་དགོས། ང་ཚོར་གྲོགས་པོ་དགོས། གྲོགས་པོ་ཡོང་བར་ཡིད་ཆེས་སླེབ་ཐུབ་དགོས། ཡིད་ཆེས་ཡོང་བར་གཞན་གྱི་བདེ་སྡུག་ལ་དོན་དམ་སེམས་ཁུར་སྐྱེ་ཐུབ་དགོས། རང་དོན་ཁོ་ནའི་ཐོག་ནས་བརྗོད་ཀྱང་གཞན་ལ་ཕན་བདེ་སྒྲུབ་ན་རང་དོན་ཞོར་ལ་འགྲུབ་ཐུབ།
ངོས་ཀྱིས་འདས་པའི་ལོ་ངོ་ ༤༠ ཙམ་རིང་འཇིག་རྟེན་ཁམས་ཀྱི་རིག་པ་དང་དངོས་ཁམས་རིག་པ། དབང་རྩའི་ཚན་རིག་པ། སེམས་ཁམས་རིག་པ་སོགས་ཚན་རིག་པ་དེ་དག་དང་ལྷན་གོ་བསྡུར་སྦྱང་བཤད་བྱས་པ་མ་ཟད། ངག་གི་དབང་པོ་ཡར་རྒྱས་མ་སོན་པའི་བྱིས་པར་ཚན་རིག་པས་ཚོད་ལྟ་བྱས་པ་སོགས་ཀྱང་མཐོང་མྱོང་ཡོད། བྱིས་པ་དེ་ཧ་ཅང་ཆུང་ཆུང་ཡིན་སྟབས། ངག་ནས་སྨྲ་མི་ཤེས་ཀྱང་གཞན་ལ་ཕན་པ་སྒྲུབ་ན་དགའ་སྣང་དང་གནོད་པ་སྐྱེལ་ན་མི་དགའ་བའི་རྣམ་འགྱུར་ཧ་ཅང་མངོན་གསལ་སྟོན་གྱི་འདུག རྣམ་འགྱུར་དེ་དག་ལས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་དེ་གསལ་རྟོགས་ཐུབ། བྱམས་བརྩེས་ཀུན་ནས་བླངས་པ་ཡིན་ན་ལས་དོན་གང་བྱས་ཀྱང་དྲང་པོ་དྲང་གཞག་དང་ཁ་རི་ཁ་ཐུག་བྱེད་ཐུབ། དེ་ལྟར་བྱུང་ན་ཕན་ཐོགས་པ་མ་ཟད་དོགས་པ་རྣམ་རྟོག་སེལ་ནས་ཡིད་ཆེས་སྐྱེ་ཐུབ་རྒྱུ་རེད། འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་མའི་མངལ་ནས་སྐྱེས་པ་ཤ་སྟག་རེད། ཚང་མ་མའི་བྱམས་སྐྱོང་འོག་ནས་འཚོ་དགོས་པ་ཆགས་ཡོད། ངོས་རང་ཉིད་ལ་མཚོན་ནའང་ངོས་ལ་བྱམས་བརྩེའི་ལམ་སྟོན་གནང་མཁན་དགེ་རྒན་ཆེས་ཐོག་མ་དེ་ངོས་ཀྱི་ཨ་མ་ལགས་ཡིན།
ངོས་རང་དུས་རྟག་ཏུ་འགྲོ་བ་མི་ཞིག་ཡིན་བསམས་པ་མ་གཏོགས་ཏཱ་ལའི་བླ་མ་ཡིན། གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་བསམ་པ་ནམ་ཡང་དྲན་གྱི་མེད། དེར་བརྟེན་མི་སུ་འདྲ་ཞིག་དང་ཐུག་པ་ཡིན་ནའང་འཛུམ་དམུལ་ནས་བསུ་བཞིན་ཡོད། ངོས་ཀྱིས་ཉིན་རེའི་ཉམས་ལེན་སྐབས་སུའང་སེམས་ཅན་ཐམས་ཅད་གཉེན་དུ་ལྟ་བཞིན་ཡོད། དེར་བརྟེན་ངོས་ཀྱིས་གཏམ་བཤད་འགོ་འཛུགས་སྐབས་སྤུན་མཆེད་ཕོ་མོ། ཞེས་འབོད་བཞིན་ཡོད། ང་ཚོས་རྒྱལ་ཁབ་དང་ཆོས་ལུགས། མི་རིགས་བཅས་རིམ་པ་གཉིས་པའི་གནས་སྟངས་འོག་ནས་ཕན་ཚུན་ཕྲན་བུ་མི་འདྲ་བ་ཡོད་པ་དེར་གཙིགས་ཆེར་འཛིན་ཚེ་རྙོག་གྲ་ཡོང་གཞི་རེད། དེ་ལས་ང་ཚོ་ཚང་མས་གཞི་རྩའི་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས།
ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་དགོས་གལ་ཐོག་ལའང་གཙོ་འདོན་བྱེད་བཞིན་ཡོད། དེང་སྐབས་ང་ཚོས་ཆོས་ཀྱི་མིང་འོག་ནས་མི་ཕན་ཚུན་གསོད་རེས་བྱེད་བཞིན་པ་འདི་ནི་བསམ་ཡུལ་ལས་བསྡད་པ་ཞིག་རེད་འདུག རྒྱ་གར་ལ་མཚོན་ན་ཆོས་དང་རིག་གཞུང་། སྐད་ཡིག་མི་འདྲ་བ་ཧ་ཅང་ཡོད་ཀྱང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཧ་ཅང་ཡག་པོ་འདུག ང་ཚོས་རང་གི་ཉམས་མྱོང་ཐོག་ནས་ལྟ་སྐབས། ཁྱིམ་ཚང་འཁོས་ཀ་ཞན་ཡང་ནང་མི་ཕན་ཚུན་ཡིད་ཆེས་བློ་འགེལ་དང་བརྩེ་གདུང་དམ་ཟབ་ཡོད་ཚེ་ཁྱིམ་ཚང་དེ་བདེ་ཞིང་སྐྱིད་པ་དང་། དེ་ལས་ལྡོག་སྟེ་ཁྱིམ་ཚང་འབྱོར་པ་ཆེ་ཡང་ནང་མི་ཕན་ཚུན་དོགས་ཟོན་བྱེད་ནས་སྡོད་དགོས་ཚེ་སྐྱིད་པ་གང་ཡང་མེད། བུད་མེད་ན་ཆུང་དེ་དག་བཞིན་རས་མཛེས་པོ་བཟོ་ཆེད་མཛེས་ཚོན་རིགས་འདྲ་མིན་གདོང་ལ་འབྱུག་བཞིན་འདུག མཛེས་ཚོན་སོགས་ཇི་ཙམ་བྱུགས་ཀྱང་གདོང་དེ་ཁྲོ་བོའི་རྣམ་འགྱུར་སྟོན་ནས་བསྡད་པ་ཡིན་ན་སུ་གཅིག་གི་ཡིད་དབང་འཕྲོག་མ་ཐུབ། ཅེས་སོགས་བཀའ་སློབ་སྩལ་བསྟུན་ལས་རིམ་གཙོ་སྐྱོང་བས་མང་ཚོགས་ཀྱི་དྲི་བ་རྣམས་སྙན་སྒྲོན་ཞུས། དྲི་བ་དང་པོ་ཡུ་རོབ་ཏུ་སྐྱབས་བཅོལ་བའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་བཀའ་ལན་སྩལ་དོན། གོང་དུ་ངོས་ཀྱིས་གསར་འགོད་པ་ཚོར་བརྗོད་རྒྱུ་བྱུང་།
སྐྱབས་བཅོལ་བ་དེ་དག་གི་འཕྲལ་གྱི་དཀའ་ངལ་སེལ་རྒྱུ་དེ་ཡག་པོ་རེད། འོན་ཀྱང་དེ་ལས་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་ལག་ཤེས་སྦྱོང་བརྡར་སོགས་སྤྲད་ཐུབ་ཚེ་ཕུགས་ལ་ཕན་པ་དང་། སྐྱབས་བཅོལ་བ་དེ་དག་ཕྱིས་སུ་རང་ཡུལ་དུ་ལོག་ནས་རྒྱལ་ཁབ་འཛུགས་སྐྲུན་ལའང་ཕན་ཐོགས་ཡོང་ངེས། ང་ཚོ་བོད་མིར་མཚོན་ནའང་བཙན་བྱོལ་དུ་ལོ་དྲུག་ཅུ་ཕྱིན་པ་རེད། འོན་ཀྱང་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་རང་ཡུལ་བོད་དུ་ཕྱིར་ལོག་བྱས་ནས་སོ་སོའི་ལུང་པ་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད། རྒྱ་གར་ནང་ང་ཚོས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ཐུན་མིན་ཡུལ་སྲོལ་གོམ་གཤིས་སོགས་གཅེས་ཉར་ཐུབ་ཆེད་བོད་ཕྲུག་ཚོར་སློབ་འཁྲིད་བྱེད་པ་བརྒྱུད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་ཐོག་དཀའ་ལས་ཧ་ཅང་བརྒྱབ་ཡོད། དེ་ལྟར་བྱེད་དགོས་པའི་དགོས་དམིགས་གཙོ་བོ་བོད་ཀྱི་གནས་སྟངས་ལ་ཉིན་གཅིག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་མཚམས་རང་ཡུལ་དུ་ཕྱིར་ལོག་བྱས་ནས་བོད་ནང་རིག་གཞུང་དེ་དག་བསྐྱར་གསོའི་བྱ་རྒྱུའི་ཕུགས་མདུན་འཆང་བཞིན་པར་བརྟེན་དཀའ་ལས་བརྒྱབ་པ་རེད། ཅེས་བཀའ་ལན་སྩལ།
དེ་ནས་ཚོགས་བཅར་བ་ཞིག་གིས་སྤྱི་ཚོགས་ནང་འཁོན་འཛིན་དང་སྡང་སེམས་ཀྱི་བསམ་བློར་གདོང་ལེན་ཇི་ལྟར་དགོས་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་སྐོར་དང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་དཔལ་འབྱོར་འཛུགས་སྐྲུན་ཁོ་ནར་དམིགས་པ་འདིས་འདང་གི་མེད་སྟབས། ནང་གཤིས་རྒྱུས་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་རིས་མེད་ཀྱི་ལྟ་གྲུབ་གཞིར་འཛིན་ནས་བསམ་བློའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་དགོས་པ་དང་། ལུས་ཀྱི་འཕྲོད་བསྟེན་གལ་ཆེ་བ་ལྟར་བསམ་བློའི་འཕྲོད་བསྟེན་དགོས་རྒྱུ་དེའང་ཧ་ཅང་གལ་ཆེ་སྟབས། བསམ་བློའི་འཕྲོད་བསྟེན་ཡག་པོ་ཡོང་བར་ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་བསྟེན་ནས་སེམས་ནང་ཞི་བདེ་གོང་འཕེལ་གཏོང་དགོས་སྐོར་དང་། བསམ་བློའི་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས་ཚེ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དང་འབྲེལ་བའི་ལེགས་བཤད་དེ་དག་དེང་སྐབས་ཧ་ཅང་དགོས་གལ་ཆེ་བར་གཟིགས་བཞིན་ཡོད་སྐོར་བཀའ་ལན་སྩལ།
བོད་དོན་སྐོར་གྱི་དྲི་བར་བཀའ་ལན་སྩོལ་སྐབས་བོད་མི་ཚོས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་ཐབས་ལམ་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད་སྐོར་དང་། ལོ་རྒྱུས་ཐོག་ནས་ཧོར་བོད་རྒྱ་གསུམ་བརྗོད་སྐབས་རྒྱལ་ཁབ་སོ་སོར་རང་དབང་རང་བཙན་གཙང་མའི་དཔལ་ལ་རོལ་བ་དང་། བོད་མི་ཚོར་མཚོན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་གནས་པ་ཡིན་ན་དཔལ་འབྱོར་ཐོག་ལའང་དགེ་མཚན་ཆེ་ཞིང་། རྒྱ་ནག་གཞུང་ནས་ཀྱང་རང་གི་རྩ་ཁྲིམས་དགོངས་དོན་གཞིར་བཟུང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པར་སྲུང་སྐྱོབ་དང་བརྩི་བཀུར་བྱེད་པ་ཡིན་ན་བོད་མི་ཚོ་ལའང་དགེ་མཚན་ཡོད་པ་ཞིག་རེད།
དེང་སྐབས་རྒྱ་ནག་ནང་དུ་བོད་བརྒྱུད་ནང་བསྟན་ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་རྒྱ་རིགས་ས་ཡ་བཞི་བརྒྱ་ཙམ་ཡོད་སྐོར་དང་། ད་ལྟའི་རྒྱ་རིགས་དཔོན་པོ་མིག་རྒྱང་ཐུང་ཐུང་རིགས་ཀྱིས་བོད་མི་ཚོར་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད་པ་ནི། དངོས་ཡོད་གནས་ཚུལ་མ་ཤེས་པར་གནས་སྐབས་དབང་ཆ་བཀོལ་སྤྱོད་བྱས་ནས་བོད་མིར་མཐོང་ཆུང་བྱས་པ་མ་གཏོགས། གཞི་རྩའི་མི་ཚང་མ་འདྲ་མཉམ་ཡིན་སྟབས། བོད་མི་ཚོར་ཡང་གོ་སྐབས་འདྲ་མཉམ་སྤྲོད་པ་ཡིན་ན་མི་གཞན་སླེབ་སར་འདྲ་མཉམ་ཐོག་སླེབ་ཐུབ་བཞིན་ཡོད་སྐོར་སོགས་བཀའ་ལན་སྩལ།
བཀའ་སློབ་ལས་རིམ་གྲུབ་བསྟུན་རོགས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས། ཕྱི་ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མལ་མོ་མཐོ་སློབ་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།
སྐུ་པར་རྣམས་དགའ་ལྡན་ཕོ་བྲང་ནས་མཐུན་འགྱུར་གནང་།