ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུ་ཝི་ཌེན་ཡུལ་གྱི་ལྷོ་ངོས་སུ་ཆགས་པའི་མལ་མོ་གྲོང་ཁྱེར་ནང་དུ་མང་ཚོགས་ལ་བདེ་སྐྱིད་ཀྱི་ཐབས་ལམ་དང་ཞི་བདེའི་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ལྡི་ལི་ནས་སུ་ཝི་ཌེན་ལྷོ་ཕྱོགས་གྲོང་ཁྱེར་མལ་མོར་༸ཞབས་སོར་བདེ་བར་འཁོད་སྐབས་ IM རོགས་ཚོགས་ཀྱི་ཚོགས་གཙོ་ Birthe Müller མཆོག་དང་སྤྱི་ཁྱབ་དྲུང་ཆེ་ Ann Svensén ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག རོགས་ཚོགས་དེ་ནི་ཐོག་མར་ Britta Holmström མཆོག་གིས་ཕྱི་ལོ་ ༡༩༣༨ ལོར་བཙུགས་པ་དང་། ད་ཆ་རྒྱལ་ཁབ་བཅུ་གསུམ་ནང་ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་རམ་གནང་མུས་ཡིན་འདུག
ཐོག་མར་སྤྱི་ཁྱབ་དྲུང་ཆེ་ Ann Svensén ལགས་ཀྱི་གསར་འགོད་པ་རྣམས་ལ་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་མཛད་འཆར་སྐོར་ངོ་སྤྲོད་དང་སྦྲགས། འདི་ལོར་རོགས་ཚོགས་བཙུགས་ནས་ལོ་ངོ་བརྒྱད་ཅུ་འཁོར་བ་དང་། བོད་མི་རྣམས་དང་ལྷན་ལས་འགུལ་སྤེལ་ནས་ལོ་ལྔ་བཅུ་འཁོར་བ་བཅས་དུས་ཆེན་གཉིས་འཛོམས་སྐོར་ངོ་སྤྲོད་གྲུབ་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དང་ཐོག་ཞུ་རྒྱུར། རོགས་ཚོགས་དང་ང་ཚོ་བོད་མིའི་དབར་གྱི་འབྲེལ་བ་དེ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་ཞིག་མིན། ང་ཚོའི་དབར་གྱི་འབྲེལ་ལམ་དེ་ནི་འགྲོ་བ་མིའི་སྤྱི་ཚོགས་ནང་མི་གཅིག་ལ་དཀའ་ངལ་འཕྲད་སྐབས་མི་གཞན་གྱིས་རོགས་རམ་བྱེད་རྒྱུའི་གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་འདུ་ཤེས་གཞིར་བཞག་པའི་ཐོག་ནས་བྱུང་བའི་འབྲེལ་བ་ཞིག་རེད།
མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་ཚན་རིག་པས་བརྟག་དཔྱད་ལམ་ནས་ར་སྤྲོད་ཐུབ་ཡོད། རོགས་ཚོགས་འདིས་བྱམས་བརྩེ་ཁ་ནས་སྟོང་བཤད་ཙམ་མིན་པར་ཉམས་ལེན་བྱེད་བཞིན་ཡོད། ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་མ་འོངས་པར་ཇི་འདྲ་བྱེད་ཡོང་བསམས་ནས་ནག་ཐོམ་མེར་གྱུར་བ་རེད། འོན་ཀྱང་རོགས་ཚོགས་འདིས་མཚོན་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་མང་དག་ཅིག་གིས་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བྱུང་། ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད།
འགྲོ་བ་མིའི་རྒྱུད་ལ་བྱམས་བརྩེའི་བློ་གོང་འཕེལ་ཐོག་ནས་འཛམ་གླིང་ཇེ་བཟང་དུ་གཏོང་རྒྱུ་འདི་ངོས་ཀྱི་དམིགས་ཡུལ་གཅིག་ཡིན། ནང་གི་བསམ་བློའི་ཐོག་ནས་བྱམས་བརྩེ་བློ་ཤུགས་ཆེ་རུ་གཏོང་ཐུབ་ཀྱང་ཕྱི་དངོས་པོའི་གོ་མཚོན་རིགས་དེ་དག་ཇེ་ཉུང་དུ་བཏང་ཐུབ་པ་ཡིན་ན། ངོ་ཐོག་ད་ལྟ་འཛམ་གླིང་ནང་འཕྲད་བཞིན་པའི་མི་གསོད་ཁྲག་སྦྱོར་སོགས་འཚེ་བའི་ལས་དེ་དག་ཇེ་ཉུང་དུ་གཏོང་རྒྱུར་ནུས་པ་ཧ་ཅང་ཐོན་ཐུབ། དེར་བརྟེན་ང་ཚོའི་དམིགས་ཡུལ་གོ་མཚོན་སྤང་བའི་འཛམ་གླིང་ཞིག་སྐྲུན་རྒྱུ་དེ་ཡིན། ང་ཚོས་དུས་རབས་ཉི་ཤུ་རྩ་གཅིག་འགོ་སྟོད་ཙམ་ནས་འཆར་སྣང་གཏན་འབེབས་ཐོག་འབད་བརྩོན་བྱས་པ་ཡིན་ན། འཛམ་གླིང་བདེ་ཞིང་སྐྱིད་པ་ཞིག་དང་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག་སོགས་སྤང་པའི་དུས་རབས་ཤིག་བཟོ་ཐུབ། མིའི་སྤྱི་ཚོགས་ཡིན་ཕྱིན་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཆོས་ཉིད་རེད། འོན་ཀྱང་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས། དཀའ་ངལ་དང་མི་མཐུན་པའི་རིགས་བྱུང་སྐབས་འཕྲལ་མར་དྲག་པོའི་སྟོབས་ཤུགས་དང་འཚེ་བའི་ལམ་ནས་དཀའ་ངལ་སེལ་ཐབས་མིན་པར་ཕྱོགས་གཉིས་གྲོས་མོལ་བརྒྱུད་ནས་དཀའ་ངལ་སེལ་ཐབས་བྱེད་དགོས། ཞེས་བཀའ་སློབ་སྩལ།
དེ་རྗེས་གསར་འགོད་པ་ཞིག་གིས་ཉེ་ལམ་སུ་ཝི་ཌེན་ཡུལ་དུ་དེ་སྔ་དང་མ་འདྲ་བར་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་ཆབ་སྲིད་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པའི་གནས་སྟངས་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་དུ་དངོས་ཡོད་གནས་སྟངས་ཇི་ཡིན་ཐོག་ཐོག་མར་ཉམས་ཞིབ་མཛད་དགོས་ཀྱང་མགོན་པོ་གང་ཉིད་མཆོག་གིས་དེ་ལྟར་མཛད་ཐབས་བྲལ་སྐོར་དང་། སུ་ཝི་ཌེན་ཡུལ་ནི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་བརྟེན་དབུལ་ཕྱུག་བར་ཁྱད་དེ་ཙམ་མེད་ཁར་ཞི་བདེ་བརྟན་ལྷིང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་དེ་མུ་མཐུད་གནས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་ལན་སྩལ་དོན། ངོས་ཀྱིས་ཨ་རིའི་མང་གཙོ་དང་རང་དབང་། གུ་ཡངས་ཀྱི་སྤྱི་ཚོགས་དེར་ཡི་རངས་བསྔགས་བརྗོད་བྱེད་བཞིན་པ་མ་གཏོགས་ཨ་རིའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལ་ཡི་རངས་བསྔགས་བརྗོད་ནམ་ཡང་བྱེད་ཀྱི་མེད། ཡུལ་འདིར་རིན་ཐང་དེ་དག་མུ་མཐུད་རྒྱུན་སྐྱོང་གསོན་གནས་ཐུབ་རྒྱུ་ཡིན་པ་ངོས་ཀྱི་རེ་བ་བྱེད་བཞིན་ཡོད།
ཉེ་ལམ་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་ནས་མི་ཧ་ཅང་མང་པོ་སྲོག་ཉེན་ལས་ཐར་ཆེད་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་བྲོས་བྱོལ་དུ་འབྱོར་བཞིན་ཡོད། ཁོང་ཚོར་གནས་སྐབས་སྡོད་གནས་དང་ཟ་ཆའི་མཐུན་འགྱུར་གནང་བཞིན་ཡོད། འོན་ཀྱང་སྐྱབས་བཅོལ་བ་དེ་དག་ལ་གཙོ་ཆེར་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་སོགས་སྤྲད་ཐུབ་པ་ཡིན་ན་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོང་ངེས་དང་། ལྷག་པར་སྐྱབས་བཅོལ་བའི་ཁྲོད་བྱིས་པ་དེ་དག་ལ་ཤེས་ཡོན་སྤྲད་དགོས་པ་ཧ་ཅང་གལ་ཆེ། དེ་འདྲ་བྱུང་ཐུབ་ཚེ་སྐྱབས་བཅོལ་བ་དེ་དག་རང་ཡུལ་དུ་ཞི་བདེ་བརྟན་ལྷིང་གི་ཉི་མ་ཤར་ཚེ་རིམ་བཞིན་རང་ཡུལ་དུ་ཕྱིར་ལོག་ནས་རྒྱལ་ཁབ་ནང་འཛུགས་སྐྲུན་ཐུབ་རྒྱུ་རེད། ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པ་ཞིག་གིས་དེང་སྐབས་སྤྱི་ཚོགས་དྲ་རྒྱའི་སྟེང་ཞེ་སྡང་དང་འཁོན་འཛིན་གྱི་བསམ་ཚུལ་དང་རྩོམ་ཡིག་སོགས་རྒྱ་ཆེ་སྤེལ་བཞིན་པའི་ཐོག་དགོངས་ཚུལ་ཞུས་པར་བཀའ་ལན་དུ། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད། ངོས་ཀྱིས་བསམ་བློའི་ནང་དོན་དམ་བདེ་སྐྱིད་ཡོང་བར་སེམས་པ་བཟང་པོ་བྱེད་དགོས། ཞེས་ལམ་སྟོན་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་སེམས་ཀྱི་ཞི་བདེ་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་མང་ཙམ་བྱེད་དགོས། ཞེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པ་ཞིག་གིས་དེང་སྐབས་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་འཚེར་སྣང་བྱེད་བཞིན་པ་དེར་དགོངས་ཚུལ་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། གནས་སྟངས་དེར་ངོས་རང་འཁང་ར་བྱེད་དགོས་པ་གང་ཡང་མེད། ཕྱོགས་གཅིག་ནས་ངོས་ཀྱི་དམིགས་ཡུལ་གཙོ་བོ་ནི་མི་མང་དཀྱུས་མ་ཚོ་དང་ཐུག་རྒྱུ་ཡིན། གཉིས་ནས་ངོས་རང་ཕྱི་ལོ་ ༢༠༠༡ ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུས་ཡིན་སྟབས། ད་ཆ་ངོས་ལ་བོད་མིའི་ཆབ་སྲིད་ཀྱི་འགན་གང་ཡང་མེད། ལྷག་པར་དེ་སྔ་ལོ་ངོ་བཞི་བརྒྱ་ཙམ་རིང་ནས་དར་བའི་ཏཱ་ལའི་བླ་མས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ལམ་སྲོལ་དེ་ངོས་ཀྱིས་མ་སྐུལ་དྭང་བླངས་ཐོག དགའ་ཞིང་སྤྲོ་ཞིང་སྤོབས་པ་དང་བཅས་མཇུག་སྒྲིལ་བ་ཡིན། ཞེས་བཀའ་ལན་སྩལ།
ཡང་གསར་འགོད་པ་ཞིག་གིས་གནམ་གཤིས་འགྱུར་ལྡོག་ལ་ཐུགས་འཚབ་མཛད་མིན་གྱི་དྲི་བར་བཀའ་ལན་དུ། བཞུགས་སྒར་དུ་དེ་སྔ་ལས་གངས་འབབ་ཚད་ཉུང་དུ་ཕྱིན་པ་དང་མགོན་པོ་མཆོག་གིས་དེ་སྔ་རྒྱལ་ས་རོམ་ Rome དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ Nobel Peace Laureates དབུ་ཁྲིད་ལྷན་ཚོགས་ཐོག་དུས་བཀག་ཚད་འཛིན་བཟོས་ནས་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་དེ་དག་གིས་དུས་བཀག་རྒྱས་བཅད་ནང་ཚུད་ལ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་དགོངས་ཚུལ་ཕུལ་ཡོད་ཀྱང་གྲུབ་འབྲས་གང་ཡང་མ་བྱུང་ཞེས་དང་། ༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་ President Obama མཆོག་དང་། རྒྱ་གར་བ་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཀེ་ལ་ཤི་སཏྱཱརཐི་ Kailash Satyarthi མཆོག་ལ་ལས་གཞི་དེ་དག་མཇུག་སྣོན་ཐོག་འབད་བརྩོན་གནང་དགོས་པའི་དགོངས་ཚུལ་འདོན་གནང་མཛད་སྐོར་ཐུགས་དྲན་གསོ་མཛད།
དེ་རྗེས་མི་གྲངས་ ༡༢༠༠ བརྒལ་བ་འདུ་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་ཀྱི་ཐབས་ལམ་དང་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་སྩལ། དེ་ཡང་སྐབས་དེར་ཐོག་མར་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་ཀ་ཏི་སི་ཨ་ཡི་སི་ཊོམ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས། དེ་རྗེས་གཞས་པ་གཞས་མ་ཁག་གཅིག་གིས་རོལ་དབྱངས་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་བསྟུན་མགོན་པོ་གང་ཉིད་མཆོག་གིས་སྡིངས་ཆ་ཙམ་མིན་པར་ཚོགས་ཁང་ཡོངས་ཀྱི་གློག་ཤུགས་ཤུགས་ཆེ་གཏོང་དགོས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་རྣམས་ཀྱི་ངོ་གདོང་ཇེ་གསལ་དུ་གྱུར་སྐབས་ཐུགས་དགྱེས་ཚོར་མཛད་རྗེས་བཀའ་སློབ་སྩལ།