༢༠༡༨ ཟླ་ ༩ ཚེས་ ༤ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༡༨ ཟླ་ ༩ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། རྣམ་གྲ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་སྐབས་བབ་གདུལ་བྱ་གཙོ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རི་ཡ། མ་ལེ་ཤིས་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་ཏི་ནམ་གཙོ་བོར་གྱུར་བའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་དང་། གཞན་ཡང་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ་སོགས་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་བཀའ་ཆོས་འཕྲོ་སྐྱོང་མཛད་ཡོད། སྐབས་དེར་ཐོག་མར་དགེ་བཙུན་ཁག་གཅིག་གིས་ཐུབ་པའི་གཟུངས་སྔགས་བཏོན།
དེ་རྗེས་དགེ་འདུན་པ་རྣམས་ཀྱིས་གཤིས་བརྗོད་བཏོན་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་ཡུལ་གྲུ་མང་པོ་ཞིག་ནས་དེ་རིང་འདིར་ཆེད་མངགས་ཕེབས་ཡོད། ལྷག་པར་དུ་པཱ་ལིའི་ཆོས་རྒྱུད་འཛིན་པ་གནང་མཁན་ཐའི་ལེན་ཌི་དང་འབར་མ་དེ་དག་གི་དགེ་སློང་རྣམ་གང་ཙམ་ཕེབས་ཡོད། ཁྱེད་རང་ཚོ་ཚང་མ་དེ་རིང་འདིར་ཆེད་མངགས་ཕེབས་པ་དེར་ཚང་མར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་འཛམ་གླིང་སྟེང་གི་མི་ཞིག་ཡིན་སྟབས་འཛམ་གླིང་བདེ་ཞིང་སྐྱིད་པ་བྱུང་ན་ངོས་རང་ཡང་བདེ་སྐྱིད་ཡོང་རྒྱུ་རེད། འཛམ་གླིང་སྡུག་བསྔལ་གྱི་ཁུང་བུར་ཚུད་ནས་བསྡད་ན་སོ་སོ་ཡིན་ནའང་སེམས་སྐྱིད་པ་ཞིག་ཡོང་རྒྱུ་མེད། ཆོས་དང་སྐྱེ་བ་ཕྱི་མའི་སྐད་ཆ་གང་ཡང་མིན། གང་ལྟར་ང་ཚོ་མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་སྡུག་བསྔལ་མང་པོ་ཞིག་ང་ཚོ་མིས་བཟོ་བཞིན་འདུག
དེར་བརྟེན་ང་ཚོ་རང་གཞན་རོགས་གསུམ། ཆོས་དད་ཡོད་མེད། ཆོས་དད་གང་འདྲ་བྱེད་མིན་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་ཡིན་སྟབས་ནམ་རྒྱུན་ང་ཚོས་བདེ་བ་ཟེར་སྐབས་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ནའི་ཐོག་ནས་བདེ་བ་འཚོལ་རྒྱུ་དང་སྡུག་བསྔལ་སེལ་རྒྱུ་དེ་འདྲ་བྱེད་བཞིན་ཡོད། དེས་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ་པ་ཧ་ཅང་གསལ་པོ་རེད། བདེ་བ་སྡུག་བསྔལ་ཟེར་སྐབས་ལུས་ཚོར་གྱི་བདེ་བ་དང་སྡུག་བསྔལ་ཞིག་ཡོད་པ་དེའང་ཁ་ཚ་དགོས་གཏུགས་རེད། གལ་ཆེན་པོ་རེད། འོན་ཀྱང་གཙོ་ཆེར་སེམས་ཀྱི་བདེ་སྡུག་དེ་གལ་ཆེན་པོ་འདུག དཔེར་ན་ཚང་མས་ཤེས་གསལ་རེད། སེམས་མ་སྐྱིད་པ་ཞིག་ཡོད་ན་ཕྱིའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་སྐྱིད་པོ་གང་ཡང་མེད། སེམས་ཀྱི་སྡུག་བསྔལ་དེ་ཕྱིའི་མཐུན་རྐྱེན་གྱིས་སེལ་མ་ཐུབ། སེམས་ནང་ཞི་བདེ་དང་བདེ་སྐྱིད་ཡོད་ན་ཕྱིའི་མཐུན་རྐྱེན་དེ་ཙམ་མེད་ཀྱང་བག་ཕེབས་པོ་བྱས་ནས་སྡོད་ཐུབ་ཡག་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད།