ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མ།
༄༅། །བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༥༨ འཁོར་བའི་གཞུང་འབྲེལ་དུས་ཆེན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དུ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དབུ་གཡབ་ཏུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུན་ཝར་སྦ་ར་ཏན་དཱ་ར་སིང་ Kunwara Bharatendra Singh མཆོག བོད་མི་མང་སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མི་དམངས་དང་སློབ་ཕྲུག་སོགས་ཁྱོན་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་བཞད་བཏང་རྗེས་སྐུ་མགྲོན་སྐུ་ཞབས་ཀུན་ཝར་སྦ་ར་ཏན་དཱ་ར་སིང་མཆོག་གིས་སྲིད་སྐྱོང་གཟེངས་བསྟོད་བཞེས་མཁན་སློབ་མ་གསུམ་ལ་གཟེངས་རྟགས་གནང་།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་མཆོག་གིས་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་ལས་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་ནང་འདེམས་ཐོན་བྱུང་བའི་མི་གྲངས་ ༣ ལ་གཟེངས་རྟགས་གནང་གྲུབ་མཚམས་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་ཕྱི་ལོ་ ༢༠༡༨ ལོའི་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་གསུམ་གྱི་རྩེ་ཕུད་ཨང་རིམ་དང་པོ་སོན་པའི་སློབ་མ་ ༣ དང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྡེ་ཚན་གསུམ་གྱི་རྩེ་ཕུད་གཉིས་པ་སོན་པ་སློབ་ཕྲུག་ ༣ དང་། ཨང་རིམ་གསུམ་པ་སོན་པའི་རྩེ་ཕུད་སློབ་ཕྲུག་ ༣ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད། གཞན་ཡང་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀུན་ཝར་སྦ་ར་ཏན་དཱ་ར་སིང་མཆོག་གིས་ཀྱང་གསུང་བཤད་གནང་ཡོད།
སྤྱིར་༸གོང་ས་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་གནང་བའི་བཀའ་དྲིན་རྗེས་དྲན་དང། མང་གཙོའི་དུས་ཆེན་ཁྱད་པར་ཅན་ཉིན་རྟེན་འབྲེལ་མཚོན་སླད།
མཛད་སྒོའི་སྐབས་བོད་ཀྱི་ཟློས་གར་ཚོགས་པ་དང། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྡ་ཤོད་བོད་ཁྱིམ། ཡོངས་གླིང་སློབ་གྲྭ། མེ་གྷན་བོད་ཁྱིམ་ཉིན་སློབ། རྡ་སྟེང་བོད་ཁྱིམ་བཅས་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།