ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར་ནས་ཚེས་ ༢༨ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན།
ལྷར་བཅས་སྲི་གཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་གཅིག་སྒྲིལ་གྱི་མཚོན་རྟགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ། ཟླ་བ་དྲུག་གི་རྗེས་ཚང་མ་སྐུ་གཟུགས་གསལ་ཐང་ངང་ལྷན་འཛོམས་ཀྱིས་སྤྱི་པའི་ལས་དོན་ཐོག་ཞུགས་ཐུབ་པར་ཚོགས་གཙོ་སྦྲེལ་པོ་ངོས་ནས་དགའ་བསུ་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐབས་ ༡༦ གྲོས་ཚོགས་ཚོགས་དུས་ ༦ དེ་རིང་ནས་བཟུང་ཕྱི་ཚེས་ ༢༨ བར་ལས་ཉིན་བཅུའི་རིང་འཚོགས་རྒྱུ་གཏན་འབེབས་གནང་ཡོད།
རྩ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༣ ནང་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་གསལ་བ་བཞིན། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས།བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་ལ་འབད་བརྩོན་བྱ་རྒྱུ་དང་། བོད་མཐོ་སྒང་གི་ས་བབ་ཀྱི་ཐོག་ནས་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨེ་ཤི་ཡའི་གླིང་ཆེན་གྱི་རྒྱལ་ཁབ་དང་ཡུལ་མི་མང་དག་ཅིག་ལ་གལ་འགངས་ཤིན་ཏུ་ཆེ་བས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་དང། བོད་མི་ཚང་མས་རྒྱལ་སྤྱིའི་ནང་ལས་འགུལ་ཇེ་མང་སྤེལ་ཐབས་བྱ་རྒྱུ།
གནས་སྐབས་སུའང་གཞིས་ལུས་བོད་མི་རྣམས་དཀའ་ཉེན་ལས་སྐྱོབས་ཐབས་བྱ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲང་བདེན་དང་། འདྲ་མཉམ། དཔལ་འབྱོར་ཐོན་སྐྱེད་སྤྱི་སྨན་ཡོང་བའི་འགྲོ་ལུགས་བཅས་ཀྱི་སྤྱི་ཚོགས་བདེ་དོན་གྱི་སྲིད་བྱུས་ཡང་དག་སྐྱོང་དགོས་པ་དང་། ཁྱད་པར་གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང་། གནའ་བོའི་རིག་གཞུང་བཟང་པོའི་གོམས་གཤིས་འཇགས་རྒྱུ་བཅས་ཀྱི་གོ་སྐབས་ཚད་ལྡན་སྤྲོད་ཐབས་དང་། ལུས་སེམས་བདེ་ཐང་དུ་འཚར་ལོངས་ཡོང་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་སྒྲུབ་ཐབས་བཅས་ཁ་གསལ་པོ་བཀོད་ཡོད། བོད་མིའི་སྒྲིག་འཛུགས་ནས་ལས་དོན་གང་བརྩམ་པ་ཡིན་ནའང་། གོང་གསལ་དོན་གནད་རྣམས་དང་འབྲེལ་བ་ཡོད་པ་ཞིག་དང་། དམིགས་བསལ་གྱི་ལས་དོན་དེ་ཚོའི་ཐོག་ནུས་པ་འབུར་དུ་ཐོན་པ་གནང་ཐུབ་པ་དགོས་རྒྱུ་ང་ཚོའི་ལས་འགན་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད།
བཙན་བྱོལ་བོད་མིའི་མང་གཙོ་ལམ་ལུགས་དང་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་འགྲོ་ལུགས་ཆགས་ཡོད། དེར་བརྟེན་དེའི་ཐོག་ནས་གྲོས་ཚོགས་ཀྱི་ལས་འགན་གལ་ཆེ་བ་གཉིས་ངེས་དགོས་པ་ཞིག་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་ཞུ་ཐུབ་དགོས་པ། ཕྱོགས་གཞན་ཞིག་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་བྱ་ར་སྟངས་འཛིན་དང་དྲི་བ་ཞུ་ཐུབ་དགོས་རྒྱུ། འཛིན་སྐྱོང་ངོས་ནས་ཀྱང་འགན་ཁུར་ལན་འདེབས་ཞུ་དགོས་རྒྱུ་ང་ཚོའི་འགྲོ་སྟངས་དམིགས་བསལ་ཞིག་ཆགས་ཡོད། དེ་འདྲའི་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་ངོས་ནས་གྲོས་ཚོགས་ཀྱི་རྣམ་དཔྱོད་ནུས་པ་འབུར་དུ་ཐོན་ཐུབ་པ་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་ཞུ་རྒྱུ་ཡིན།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་དང་ཐུགས་བསྐྱེད་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་ཡོད་པ་མ་ཟད། ཤེས་ལྡན་གྱི་སྐྱེ་བོ་འབུམ་ཕྲག་མང་པོ་རྗེས་སུ་མཇུག་རྒྱུ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མཛད་པ་འཕྲིན་ལས་ལ་ཡིད་སྨོན་ཤོར་བ། ལྷག་པར་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ལ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱི་ཐོག་ནས་དམིགས་བསལ་གཟིགས་སྐྱོང་དང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཆགས་ཡོད།
དེ་ཚོའི་གྲས་བོད་མི་སྤྱི་བོ་གནམ་བསྟན་པ་ཡོངས་ཀྱི་བསོད་ནམས་སྤྱི་དང་། ཁོང་གིས་བླ་ན་མེད་པའི་བཀའ་དྲིན་དུས་ནམ་ཡང་རྗེད་ཐབས་མེད་པ་ངོས་འཛིན་ཞུ་དགོས་པ་ཞིག་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེས་གང་གནང་བ་ཡིན་ནའང་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གིས་འགན་ཁུར་བཞེས་པའི་ཐོག་ནས་མགོན་པོ་གང་ཉིད་མཆོག་གིས་དགངས་གཞི་དེ་དག་སྒྲུབ་ཐུབ་པ་ཞུ་དགོས་རྒྱུ་ང་ཚོའི་ལས་འགན་གལ་ཆེ་བ་ཞིག་ཆགས་ཀྱི་འདུག
དེ་བཞིན་གཞུང་མང་གི་ལས་དོན་གང་ཡིན་ནའང་ཕྱར་གྲུ་མཉམ་འདེགས་ཡོང་ཐུབ་པ་དགོས་རྒྱུ་དང་། ཚང་མས་ནུས་པ་མཉམ་སྤུང་ཡོང་ཐུབ་པའི་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ནུས་པ་མཉམ་དུ་སྤུང་ཐུབ་པའི་ནུས་པ་དམིགས་བསལ་དགོས་རྒྱུ་གལ་ཆེན་པོ་ཆགས་འདུག ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད། །