ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སོ་ལན་རྫོང་ནང་རྟེན་གཞི་བྱས་པའི་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད། དེ་ཡང་ཤེས་རིག་བཀའ་བློན་མཆོག་གོང་ཚེས་ཉིན་ཌོ་ལན་ཇི་བོན་གཞིས་སུ་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དཔལ་གཤེན་བསྟན་སྨན་རི་གླིང་གི་དགོན་པའི་སྐུ་ཚབ། ས་གནས་གཞོན་ནུའི་ཚོགས་གཙོ། སམ་བྷོ་ཊ་སློབ་གྲྭའི་ལས་བྱེད་སོགས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་སྐབས་སློབ་གྲྭའི་སློབ་སྤྱི་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག
བཀའ་བློན་མཆོག་ནས་སློབ་གྲྭའི་སྔ་དྲོ་རྒྱལ་གླུ་འདུ་འཛོམས་ལ་གཟིགས་ཞིབ་གནང་རྗེས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཐོག་ཧུར་བརྩོན་བྱེད་དགོས་པ་དང་། མི་ཚེའི་དམིགས་ཡུལ་གང་ཡིན་རུང་དེའི་ཐོག་ཆོད་སེམས་བརྟན་པོས་འབད་འབུངས་དགོས་གལ། ལྷག་པར་བོད་ཀྱི་སྐད་ཡིག་གི་གལ་གནད་རང་བཞིན་དང་བོད་མིའི་ཐུན་མིན་ཕ་མེས་ཡང་མེས་ནས་དར་བའི་ཡ་རབས་བཟང་པོའི་གོམས་གཤིས་མི་ཉམས་རྒྱུན་འཛིན་བྱ་གལ། སློབ་ཕྲུག་རྣམས་ཀྱིས་འཕྲོད་བསྟེན་ལ་བདག་གཅེས་བྱེད་དགོས་པ་སོགས་ཀྱི་སྐོར་ལམ་སྟོན་གཟབ་རྒྱས་གནང་བ་མ་ཟད། ནང་ཚགས་ཐོག་ནས་སློབ་ཕྲུག་ཚོར་དཔེ་ཀློག་གི་དགེ་མཚན་དང་དཔེ་དེབ་བཀླག་རྒྱུའི་གོམས་གཤིས་རྒྱུད་ལ་འཇགས་དགོས་པའི་སྐོར་དང་། དེ་བཞིན་སློབ་ཕྲུག་ཚོས་ཕན་ཚུན་དབར་དཔེ་དེབ་ཀློག་མཁན་གྱི་སློབ་ཕྲུག་རྣམས་དང་གྲོགས་འདྲིས་དགོས་སྐོར་ལམ་སྟོན་གནང་རྗེས་འཛིན་ཁང་སོགས་གཟིགས་ཞིབ་གནང་བ་མ་ཟད། བོན་གྱི་བོད་ཕྲུག་ཁྱིམ་སྡེ་ལའང་གཟིགས་སྐོར་དུ་ཕེབས་ཡོད། སྐབས་དེར་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་མཁན་པོ་ཉི་མ་གྲགས་པ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
དེ་རྗེས་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་ལས་དང་ཕ་མའི་ཚོགས་ཆུང་གི་ཚོགས་མི་བཅས་ལ་ཐུག་འཕྲད་ཀྱིས་སློབ་ཕྲུག་གི་ཁམས་དང་མོས་པར་གཞིགས་པའི་སློབ་ཁྲིད་གནང་སྟངས་སོགས་ཀྱི་སྐོར་ལམ་སྟོན་གནང་། བཀའ་བློན་མཆོག་གིས་ཌོ་ལན་ཇི་བོན་གཞིས་སྨན་རི་གླིང་གི་གདན་ས་ཞྭ་དཀར་བསྟན་པའི་མངའ་བདག་སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ མཆོག་ལ་མཇལ་ཁ་ཞུས་པ་དང་སྦྲགས་བོད་ཀྱི་གཡུང་དྲུང་བོན་དཔེ་མཛོད་ཁང་ལ་གཟིགས་སྐོར་གནང་། ཕྱི་ཟླ་ ༩ ཚེས་ ༢ ཉིན་བཀའ་བློན་མཆོག་གིས་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༨ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་དང་བཅས། །