༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༧ ཉིན་བཏང་གནས་ནང་འཁོད་དོན།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༠ པའི་གལ་ཆེའི་གྲོས་ཆོད།
༡། ཕྱི་ལོ་༢༠༡༧ ལོར་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནས་གསོ་བ་རིག་པའི་བསླབ་གཞི་རྩ་འཛིན་MSE དང་གསོ་རིག་སློབ་གཉེར་ཁང་གི་ཉུང་མཐའི་དགོས་མཁོའི་ཆ་རྐྱེན་སྒྲིག་གཞི་MSR གཏན་འབེབས་ཀྱི་གཞུང་འབྲེལ་གསལ་བསྒྲགས་གནང་བ་ལས་རྒྱ་གར་ནང་ཡོད་པའི་གསོ་བ་རིག་པའི་སློབ་གཉེར་ཁང་རྣམས་རིམ་པས་དེབ་སྐྱེལ་གནང་དགོས་པར་ད་ལན་ལྷན་ཚོགས་ནས་ཉིན་གཅིག་གི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཚོགས་འདུའི་ཚིག་ཐོར་གྲོས་བསྡུར་གྱིས་ལྷན་ཚོགས་ནས་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་ནས་ཁྲིམས་ཀྱི་སྲུང་སྐྱོབ་ཡོང་རྒྱུར་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་དང་འབྲེལ་ཡོད་ལས་ཁུངས་སུ་ངེས་པར་དེབ་སྐྱེལ་འགོ་འཛུགས་ཀྱིས་ཡིག་འབྲེལ་གནང་དགོས་པ་དེ་དོན་གསོ་རིག་སློབ་གཉེར་ཁང་ལ་ནན་སྐུལ་ཞུ་རྒྱུར་ཐག་གཅོད་བྱུང།
༢། དེང་སྤྱི་ཚོགས་ནང་གསོ་བ་རིག་པ་ཞེས་པ་སྨན་དཔྱད་རིང་ལུགས་སྤྱིའི་ཐ་སྙད་དུ་བེད་སྤྱོད་བྱེད་བཞིན་ཡོད་པར་གསོ་བ་རིག་པ་ཞེས་པ་བོད་ཀྱི་སྲོལ་རྒྱུན་སྨན་དཔྱད་རིང་ལུགས་ལ་ལྟ་གྲུབ་ཀྱིས་རྗེས་སུ་སྒྲུབ་པའི་མིང་དུ་བཏགས་པ་ཡིན་པས་ལྷན་ཚོགས་ནས་གསོ་བ་རིག་པ་ཞེས་པའི་ཐ་སྙད་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུའི་ཐག་གཅོད་བྱུང་ཡོད།
༣། ལྷན་ཚོགས་ཚོགས་ཐེངས་འདིའི་ཐོག་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཞེས་དེ་སྔ་ཕྱི་ལོ་༡༩༦༡ ཟླ་༩ ཚེས་༡༡ ཉིན་རྒྱ་གར་འཕགས་པའི་ཡུལ་དུ་བོད་ཀྱི་སྨན་རྩིས་ཀྱི་མེ་རོ་རྨང་ནས་གསོ་གནང་མཛད་པའི་དྲན་རྟེན་དེའི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲིན་དྲན་པའི་ཐོག་དེ་ཉིན་རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོ་ཞེས་རྒྱ་གར་རྒྱལ་ཡོངས་ནང་སྲུང་བརྩི་ཞུ་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་ཡོད།
༤། ཚོགས་ཐེངས་འདིའི་ཐོག་རྒྱ་གར་དབུས་སའི་ལས་ཁུངས་ལ་ཞུ་སྒོའི་དོན་ཚན་ཁག་གཅིག་དང་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ལ་ཞུ་སྒོ་ཁག་ཅིག་ཡོད་པ་དེ་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་རྒྱུའི་ཐག་གཅོད་བྱུང།
༥། བོད་ཀྱི་གསོ་བ་རིག་པའི་དངུལ་ཆུ་བཙོ་ཐལ་གྱི་སྐོར་ཡོངས་ཁྱབ་གསལ་བཤད་གསལ་བསྒྲགས་ཤིག་གནང་དགོས་པ་དེ་དོན་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་ཞིག་སྤེལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང།
༦། ཕྱི་ལོ་༢༠༡༩ ལོར་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཚོགས་མིའི་འོས་བསྡུ་གནང་རྒྱུ་ཡིན་པར་ད་ཐེངས་ཚོགས་ཐེངས་འདིའི་ཐོག་ལྷན་ཚོགས་ནས་གཏན་འབེབས་གནང་བའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་གནང་རྒྱུའི་གཡུ་ཐོག་གཟེངས་རྟགས་ཀྱི་སྒྲིག་གཞི་གཉིས་ལ་བསྐྱར་ཞིབ་ཀྱིས་སྤྱི་མོས་གཏན་འབེབས་གནང་།
༧། གཞན་ཡང་ཚོགས་ཐེངས་འདིའི་ཐོག་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༧་་༡༨ ལོའི་རྩིས་ཞིབ་སྙན་ཐོར་གཟིགས་ཞིབ་ཀྱིས་སྙན་ཐོའི་ལན་འདེབས་དང་དེ་བཞིན་ལྷན་ཚོགས་ཀྱི་མ་དངུལ་གནས་སྟངས་སྤྱི་ལ་གྲོས་བསྡུར་གྱིས་གྲོས་ཆོད་བྱུང་ཡོད་པ་བཅས་ལྷན་ཚོགས་ཚོགས་ཐེངས་༣༠ པའི་ཐོག་བྱུང་བའི་གལ་ཆེའི་གྲོས་ཆོད་དུ།
གསོ་བ་རིག་པའི་ཐ་སྙད་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས།
གསོ་བ་རིག་པ་ནི་འཛམ་གླིང་སྲོལ་རྒྱུན་སྨན་བཅོས་རིག་པ་བཞིའི་ཡ་གྱལ་བོད་ཀྱི་ཐུན་མོང་མིན་པའི་སྨན་དཔྱད་ཀྱི་རིག་པ་ཞིག་ཡིན། དེ་ལ་དེང་སང་སྐད་ཡིག་གཞན་དུ་ Tibetan Medicine དང་། བོད་ཀྱི་གསོ་རིག་སོགས་སྣ་ཚོགས་ཤིག་འབོད་ཀྱང་གསོ་བ་རིག་པ་དང་བོད་ཀྱི་གསོ་བ་རིག་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། གསོ་བ་རིག་པ་ཡིན་ལ་བོད་ཀྱི་གསོ་བ་རིག་པ་མ་ཡིན་པ་ཤེས་བྱ་ལ་མེད་ཅིང་། ཡང་ལ་ལས་གསོ་བ་རིག་པ་ཞེས་པ་འདི་སྨན་དཔྱད་རིག་པ་སྤྱིའི་ཐ་སྙད་དུ་བེད་སྤྱོད་བྱེད་དེ་དཔེར་ན། “ཕྱི་ལུགས་ཀྱི་གསོ་བ་རིག་པ། རྒྱ་ནག་གི་གསོ་བ་རིག་པ། རྒྱ་གར་གྱི་གསོ་བ་རིག་པ་” ཞེས་བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ནི་ཕྱིས་སུ་བྱུང་བའི་ནོར་འཁྲུལ་ཏེ། གསོ་བ་རིག་པར་བོད་ཟེར་བའི་མིང་དངོས་སུ་མ་སྦྱོར་ཡང་བོད་ཀྱི་གསོ་བ་རིག་པ་མིན་པར་མི་འགྱུར་ཏེ་ཨ་ཡུར་ཝེ་ད་བཞིན། དེ་ལ་རྒྱ་གར་ཞེས་པའི་མིང་མ་སྦྱར་ཡང་དེ་ནི་རྒྱ་གར་གྱི་སྲོལ་རྒྱུན་སྨན་བཅོས་འཕྲོད་བསྟེན་གྱི་རིག་པར་གོ་བ་བཞིན་ཡིན།
གསོ་བ་རིག་པ་ཞེས་པའི་ཐ་སྙད་དམ་མིང་ནི་རིང་ལུགས་དེའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་ཀྱི་སྒོ་ནས་བཏགས་པ་སྟེ། དེའང་ལུས་ཀྱི་འབྱུང་བ་བཞི་པོ་རང་རང་གི་ལྡང་ཚད་ལས་འཕེལ་ཟད་དུ་མ་གྱུར་བར་ཐ་མལ་ལམ་ཆ་སྙོམས་སུ་གནས་པ་ནད་མེད་བདེ་ཐང་ཡིན་པ་དང་། ནམ་ཞིག་རྐྱེན་གང་རུང་གིས་འཕེལ་ཟད་དམ་ལྡང་ཚད་ལས་འགྱུར་ན་བཅོས་དགོས་ཀྱི་ནད་དམ་ནད་པར་འགྱུར་བ་ཡིན་ཅིང་། སྨན་པས་ནད་དེའི་ངོ་བོ་ལེགས་པར་རྟོགས་པར་བྱས་ཏེ་འབྱུང་ཁམས་ཀྱི་མཚན་ཉིད་གང་ཟད་པའམ་ཉམས་པ་དེ་རང་གི་ངོ་བོ་འཛིན་པའི་སྨན་དང་ཟས་ཀྱིས་སླར་ཉམས་གསོ་བྱེད་དགོས་པའི་ཕྱིར་གསོ་བ་ཞེས་བྱ་ལ། རིག་པ་ནི་ཤེས་རབ་ཏེ། གང་གསོ་བར་བྱ་བ་ཡུལ་དང་། གང་གིས་གསོ་བའི་གཉེན་པོ་དང་ཇི་ལྟར་གསོ་ཚུལ་རྣམས་ལེགས་པར་རྟོགས་པའི་ཤེས་རབ་ལ་ཟེར་བས་ན་གསོ་བ་རིག་པ་ཡིན། མདོར་ན་གསོ་བ་རིག་པ་ཞེས་པ་བོད་ཀྱི་སྲོལ་རྒྱུན་སྨན་དཔྱད་ཀྱི་རིང་ལུགས་ཁོ་ན་ལ་གོ་བ་ལས་སྤྱི་མིང་དུ་གོ་མི་དགོས་པ་མ་ཟད་ཡུལ་དུས་གང་དུའང་གསོ་བ་རིག་པར་བོད་ཅེས་དངོས་སུ་མ་སྨོས་ཀྱང་བོད་ཀྱི་སྲོལ་རྒྱུན་སྨན་དཔྱད་ཀྱི་རིང་ལུགས་འབའ་ཞིག་ལ་གོ་དགོས་པ་བཅས་གསོ་བ་རིག་པའི་ཐ་སྙད་ངོ་སྤྲོད་ཀྱི་གསལ་བཤད་ཡིག་ཆ་རུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༧ ལ།།
འཇིག་རྟེན་གྱི་ཁམས་ཀྱི་བྱ་བ་དང་དངོས་པོ་ཐམས་ཅད་ཡུལ་དང་དུས་དང་གནས་སྐབས་ཀྱི་གཞན་དབང་ཤ་སྟག་ཡིན། ལོ་རྒྱུས་སུ་གསལ་བའི་བྱ་དངོས་རྣམས་ནི་ད་ལྟ་དངོས་སུ་མིག་སྔར་མི་མངོན་ཡང་གནས་སྐབས་དེར་མངོན་སུམ་ཡིན་ཅིང་། དེ་ནི་ད་ལྟ་དངོས་སུ་ཕན་བདེ་མྱོང་བཞིན་པའི་དུས་དང་བྱ་བ་མཐའ་དག་སྟེར་བ་པོ་རེད། བྱ་དངོས་དེར་སྐྱར་ལོག་གིས་སྤྱོད་ཐབས་མེད་ཀྱང་དེའི་དུས་དང། དུས་དེར་འགྲོ་བ་མི་རིགས་དེ་དང་དེའི་ནམ་ཡང་ཕན་བདེའི་རྩ་བར་གྱུར་བའི་བྱ་བ་དང། དངོས་པོ་བསྒྲུབ་པ་པོའི་སྐྱེས་བུ་ཁྱད་པར་ཅན་དེ་ཉིད་རྗེས་དྲན་བྱེད་པ་ནི་འཛམ་གླིང་འགྲོ་བ་མིའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྤྱོད་བཟང་ཞིག་ཡིན། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པ་དང་ཡེ་ཤུའི་སྟོན་པ་སོགས་ཀྱི་འཁྲུངས་ཚེས་དང་དེ་དག་གི་མཛད་པ་ཁྱད་པར་ཅན་རྣམས་ད་ལྟའང་རྗེས་དྲན་བྱེད་པ་དང། འཛམ་གླིང་འཕྲོད་བསྟེན་དང་། དགེ་རྒན་དང་ཕ་མའི་དུས་སྟོན་དང་། དེ་བཞིན་རྒྱལ་ཁབ་སོ་སོའི་གཞན་དབང་གི་འཆིང་བ་ལས་གྲོལ་ནས་རང་དབང་བདེ་སྐྱིད་ཀྱི་དཔལ་གསར་དུ་ཐོབ་པའི་དུས་ཚེགས་དྲན་གསོ་དང། ཁྱད་པར་དུ་རང་རེ་གདོང་དམར་བོད་མི་རིགས་ཀྱི་རིག་གཞུང་ཁྲོད་དུ་ལོ་རྒྱུས་སུ་གསལ་བའི་ཡུལ་དུས་གནས་སྐབས་རྗེས་དྲན་དང། རླབས་ཆེན་གྱི་མི་སྣ་དེ་དག་ནུབ་པ་མེད་པར་ནམ་ཡང་མིག་སྔར་ཀྲོང་ངེར་གསལ་བའི་དྲན་རྟེན་བཞེངས་པ་སོགས་ལམ་སྲོལ་ཡོད་པ་དཔེར་ན། སྟོན་པ་སངས་རྒྱས་ཀྱིས་མཉན་ཡོད་ཆོ་འཕྲུལ་གྱི་མཛད་པ་རྗེས་སུ་དྲན་པ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་ཆེན་སྟག་སྒྲ་ཀླུ་གོང་གི་རྒྱ་ནག་ཐང་གི་རྒྱལ་ས་ཕབས་ཏེ་བོད་ཀྱི་དཔྱ་བསྡུ་བ་སོགས་དཔའ་བོའི་མཛད་པ་རྗེས་དྲན་ཕོ་བྲང་པོ་ཏཱ་ལའི་རྡོ་རིང་སོགས་མཐའ་ཡས་པ་ཞིག་དུས་ད་ལྟའང་བྱེད་པ་མཐོང་རྒྱུ་ཡོད། དེ་ལ་དུས་རབས་ཉི་ཤུ་པར་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཀྱིས་བོད་རྒྱལ་ཁབ་ཡོངས་རྫོགས་བཙན་བཟུང་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་དུ་འགྲོ་བའི་གཉན་འཕྲང་ཡ་ང་བར་གྱུར་ཚེ་༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྟོན་འཁོར་འགའ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བར་རྒྱ་གར་གཞུང་དང་མི་དམངས་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་སྐྱབས་བཅོལ་གཞིས་སྒར་འཛུགས་འཐུས་བཀའ་དྲིན་བསྐྱང་བ་བཞིན། དེ་དག་ཏུ་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཀྱི་གཏན་སློབ་ཁག་དང་། གདན་ས་དང་བཤད་གྲྭ་དུ་མ་གསར་འཛུགས་བཀའ་དྲིན་བསྐྱངས་པ་དང་། རླབས་ཆེན་གྱི་མཛད་པ་དེ་དག་གི་ཡ་གྱལ་རིས་མེད་སྐྱེ་དགུའི་ཕན་བདེའི་རྩ་ལག་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་ཀྱི་རིག་པ་འདི་ཉིད་སྐྱར་གསོའི་སླད་སྐྱབས་བཅོལ་དུ་ཞབས་ཕྱིར་འབྲངས་པའི་སྨན་རྩིས་མཁས་པ་རྣམས་རྡ་རམ་སཱ་ལཱར་བསྡུ་བསྐོང་མཛད་དེ་སྤྱི་ལོ་༡༩༦༡ ཟླ་༩ ཚེས་༡༡ ཉིན་འཕགས་ཡུལ་དུ་བོད་ཀྱི་སྨན་རྩིས་བསྟན་པ་སླར་གསོའི་མཛད་འཆར་བཀའ་དྲིན་བསྐྱང་བ་ཁུངས་ལྡན་གཞུང་འབྲེལ་ཡིག་ཆ་ཁག་ཏུ་གསལ་བ་བཞིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༠ པའི་གྲོས་ཆོད་དོན་ཚན་༣ དགོངས་དོན་གོང་གསལ་གྱི་དུས་ཚེས་དེ་རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོར་གཏན་འབེབས་བྱས་པ་དང་། ཉིན་མོ་དེར་འབྲེལ་ཡོད་ཚང་མས་དུས་ཚེགས་བསྲུང་བརྩིའི་སྒོ་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་། དུས་ཚེགས་སྲུང་བརྩིའི་དགོས་པ་གཙོ་བོ་སྔོན་བྱོན་བོད་ཀྱི་ཡབ་མེས་རྣམས་ཀྱི་རྣམ་ཐར་ལ་རྗེས་སུ་བསླབས་ཏེ་གསོ་བ་རིག་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་སླད་འཁོར་ལོ་གསུམ་གྱི་བྱ་བ་ལྷོད་པ་མེད་པར་སྐྱོང་བ་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༧ ལ།།
བོད་ཀྱི་གསོ་བ་རིག་པའི་དངུལ་ཆུ་བཙོ་ཐལ་གྱི་སྐོར་གསར་འགོད་གསལ་བསྒྲགས།
༄༅། །དངུལ་ཆུ་ཞེས་པ་ནི་འགྲོ་བའི་སྲོག་འཕྲོག་པར་བྱེད་པའི་དུག་གི་རྒྱལ་པོ་ལྟ་བུ་ཞིག་ཏུ་བོདཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ངོས་འཛིན་བྱས་ཡོད་པ་མ་ཟད། དུག་འདོན་མ་བྱས་པར་ལུས་ཁམས་ནང་ཕྱིན་པ་ཡིན་ན་ཆེ་སར་ཚེ་སྲོག་ལ་གནོད་སྐྱོན་དང་། ཆུང་སར་ལུས་ཀྱི་སྟོབས་འབྲི་བ་དང་ཕོ་བའི་མེ་དྲོད་ཉམས་པ། ཟུག་རྔུ་དྲག་པོ་འབྱུང་བ་སོགས་གནོད་སྐྱོན་མང་དག་བྱུང་བ་གསལ་བར་གསུངས་ཡོད་པ་ཞིག་ཡིན། འོན་ཀྱང་དེ་ལྟ་བུའི་དུག་དང་ལྡན་པའི་དངུལ་ཆུ་དེ་མཁས་དབང་རིམ་པ་ནས་བརྒྱུད་པའི་དུག་འདོན་གྱི་ལག་ལེན་ཁྱད་དུ་འཕགས་པ་ཞིག་ད་ལྟའང་ཡོད་པ་ལྟར་དུག་འདོན་ཚད་ལྡན་བྱས་པ་དེ་ཉིད་ལ་དངུལ་ཆུ་བཙོ་ཐལ་ཞེས་བརྗོད་པ་དང། བཙོ་ཐལ་དེ་ཉིད་སྨན་གཞན་དང་སྡེབས་ཏེ་བསྟེན་ན་ནད་མེད་རྣམས་ཚེ་དང་ལུས་ཟུངས་ཀྱི་སྟོབས་འཕེལ་བ་དང། མིག་ལ་སོགས་པའི་དབང་པོའི་སྒོ་རྣམས་གསལ་ཞིང་། ལུས་ལ་གནས་པའི་དཀར་ནག་རྩ་ཡི་རྒྱུ་ལམ་རྣམས་བདེ་བ་དང་། རྒས་ཁ་སྲ་བས་སྐྲ་དཀར་དང་གཉེར་མ་མི་འབྱུང་བ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་ཅིང་། སྟེང་གདོན་གཟའ་དང་འོག་གདོན་ཀླུ་གཉན་སོགས་ཀྱི་གནོད་འཚེ་རྣམས་ཀྱིས་མི་ཚུགས་པའི་སྲུང་བ་ཡིན་ལ། སྨན་གཞན་གྱིས་གསོ་མི་ཐུབ་པའི་ནད་རྣམས་ལ་རང་རང་གི་གཉེན་པོ་དང་བསྡེབས་ཏེ་བཏང་ན་མྱུར་དུ་ནད་ལས་གྲོལ་ནུས་པ་དང། དེ་བཞིན་དུ་སྦྱར་དུག་དང་ཟས་དུག་གི་ནད་རྣམས་ལ་དངུལ་ཆུ་བཙོ་ཐལ་འདི་ཉིད་མཆོག་ཏུ་གྱུར་པ་ཞིག་ཡིན། དེ་ལྟར་སྔོན་བྱོན་མཁས་དབང་སྐྱེས་བུ་དམ་པ་རིམ་བྱོན་གྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་མང་དག་ནང་གསུངས་པའི་དངུལ་ཆུ་བཙོ་ཐལ་ཡོད་པའི་སྨན་རིན་ཆེན་གྲང་སྦྱོར་ཆེན་མོ་དང། རིན་ཆེན་རཏྣ་བསམ་འཕེལ། རིན་ཆེན་མང་སྦྱོར་ཆེན་མོ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ་སོགས་སྐྱེས་བུ་གྲངས་ལས་འདས་པས་ལོ་ངོ་བརྒྱ་ཕྲག་དུ་མར་བསྟེན་པས་མིའི་ལུས་ཁམས་ལ་གནོད་སྐྱོན་འབྱུང་རྒྱུ་ལས་ལྡོག་སྟེ་ཕན་རླབས་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པ་ནི་རང་གཞན་ཚང་མར་ཁུངས་སྐྱེལ་ར་སྤྲོད་འཕེར་བའི་དཔང་རྟགས་ངོ་མཚར་ཅན་ཞིག་ཡིན། ཕྱོགས་མཚུངས་ཉེ་བའི་ལོ་ཤས་རིང་བོད་ཀྱི་སྨན་རྩིས་ཁང་དང་། རིག་གསར་གྱི་ཚན་རིག་པ་མཉམ་བསྡེབས་ཀྱིས་དངུལ་ཆུ་བཙོ་ཐལ་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་ཀྱང་ཧ་ཅང་བཟང་པོ་ཐོན་ཡོད་པ་ནི་གཏམ་བཟང་དང་དགའ་སྤོབས་བྱ་འོས་པ་ཞིག་ཡིན། གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་གྱི་ཁྲོད་ནས་དངུལ་ཆུ་བཙོ་ཐལ་ཞེས་པ་ནི་ཆེས་མཐོའི་སྒྱུ་རྩལ་ཞིག་དང་མཐོང་བརྒྱུད་ཀྱི་ལག་ལེན་ཡང་ཡང་ཐོབ་པར་དཀའ་བ་ཞིག་ཡིན་པ་མ་ཟད། བཙོ་ཐལ་ལག་ལེན་གྱི་བརྒྱུད་རིམ་ནང་དང་པོ་གཡའ་ཕྱི་བ་དང། གཉིས་པ་གཡའ་ཁུ་འདོན་པ། གསུམ་པ་ལྕི་འབིགས་བཙོ་བཀྲུས་འདུལ་བ། བཞི་པ་དགྲ་དང་སྤྲད་དེ་རང་གཟུགས་བསྒྱུར་བ། གསེར་དངུལ་སོགས་ལྕགས་བརྒྱད་ཁམས་བརྒྱད་ཀྱི་ལག་ལེན་བཅས་མགོ་ནས་མཇུག་བར་ཟླ་གྲངས་མང་པོ་འགོར་ཡུན་ཡོད་པ་ནི་ཆེས་དཀའ་ཚེགས་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འདི་ལྟ་བུའི་ལག་ལེན་གྱི་རྒྱུན་འདི་དག་དེང་རབས་ཀྱི་ཚན་རིག་མ་དར་བའི་སྔོན་རོལ་ལོ་བརྒྱ་ཕྲག་མང་པོའི་གོང་ནས་བྱུང་བར་བསམས་ན་དེ་ནི་རྟོགས་པ་ཏིང་ངེ་འཛིན་གྱི་ནུས་པ་དང་ལྡན་པའི་སྐྱེས་བུ་དམ་པ་དངོས་པོའི་གནས་ལུགས་ཐམས་ཅད་རྟོགས་ནུས་པ་ཞིག་ཡིན་པ་ལས་གང་ཟག་ཕལ་པ་ཞིག་གི་ཤེས་རབ་མ་ཡིན་པ་ཚོད་དཔག་བྱེད་ཐུབ། དེར་བརྟེན་ཚན་རིག་པ་བློ་གཟུ་བོར་གནས་པ་དག་གིས་བོད་ཀྱི་གསོ་བ་རིག་པའི་དངུལ་ཆུ་བཙོ་ཐལ་ལ་ཞིབ་འཇུག་མཐིལ་ཕྱིན་གྱི་སྒོ་ནས་རྒྱུས་ལོན་ཡིད་ཆེས་དང་ངེས་ཤེས་བརྙེས་རྒྱུར་དུས་ཡུན་གང་ཙམ་འགོར་གྱི་རེད་སྙམ།།
ཁ་སྔོན་ཁོར་ཡུག་དང་ཚན་རིག་འཕྲུལ་ཐབས་ཀྱི་དུས་དེབ་ཏུ་གསལ་བའི་བོད་ཡུལ་དུ་དངུལ་ཆུའི་གནད་དོན་སྡོམ་རྩིས་དེ་བཞིན་ཤིན་ཏུ་དཔྱད་མི་བཟོད་པ་ཞིག་ཏུ་སྣང་སྟེ། དེར་གསལ་གྲངས་འབོར་ལ་གཞིག་ན་བོད་དུ་ཡོད་པའི་མི་རྣམས་ཀྱིས་རྒྱུན་སྤྱོད་ཀྱི་ཟས་ལས་དངུལ་ཆུ་མང་བ་བཟའ་བ་ལྟར་སྣང་ཞིང། དེར་གསལ་བའི་དུག་གི་གནོད་སྐྱོན་ལྟར་ན་འགྲོ་བ་དེ་དག་སྟོངས་ཉེར་ཡོད་པ་ལྟར་སྣང། རྟག་པ་མཐའ་བཟུང་གིས་ཡུལ་དེར་དངུལ་ཆུའི་ཚད་གཞི་མཐོན་པོ་ཡོད་པའི་དབང་དུ་བྱས་ན་དེ་ནི་བོད་ཀྱི་ཁོར་ཡུག་ལས་གཏེར་ཁ་མང་པོ་སྔོག་འདོན་དང། བཟོ་གྲྭའི་འབག་བཙོག་གང་བྱུང་དོར་བ་དང། རྡུལ་ཕྲན་བཟོ་སྐྲུན་གྱི་རྫས་རོ་སྦས་པ་དང། དེ་མིན་མཚོན་ཆ་སྣ་ཚོགས་ཚོད་ལྟ་བཅས་བྱས་ནས་བྱུང་བ་ཞིག་ལས་སྨན་རྫས་ཁོ་ནས་མཐོ་ཚད་དེ་འདྲ་ཡོང་དོན་མེད། སྨན་སྦྱོར་གྱི་སྤྱི་འབོར་གྱི་སྟོང་ཆ་ལྔ་ཙམ་ལ་བཙོ་ཐལ་ཡོད་པའི་དབང་དུ་བྱས་ཀྱང་ཚད་གཞི་དེ་འདྲ་ག་ལ་ཡོད། དེའང་བཙོ་ཐལ་ནི་གོང་གསལ་ལག་ལེན་ཆ་ཚང་བརྒྱུད་དེ་སྨན་དུ་བསྒྱུར་ཟིན་པ་ལས་དུག་ལྡན་གྱི་དངུལ་ཆུ་དེ་ཉིད་ག་ལ་ཡིན། སླད་མར་བཙོ་ཐལ་ལ་ཉམས་ཞིབ་དང་ཤེས་རྟོགས་གནང་འདོད་ཅན་གྱི་གཟུར་གནས་ཚན་རིག་ཉམས་ཞིབ་པ་མཆིས་ཚེ་དགའ་བསུ་ཞུ་རྒྱུ་ཡིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེ་༧ ལ།།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཚོགས་ཐེངས་༣༠ པ་དང་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ ཟབ་འཁྲིད་ཀྱི་ལས་བསྡོམས་སྙིང་བསྡུས།
ཕྱི་ལོ་༢༠༠༤ ཟླ་༡ ཚེས་༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཅེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱི་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚད་འཛིན་མཚན་རྟགས་འཁོད་པའི་ཁྲིམས་ཡིག་དེ་ཉིད་གསལ་བསྒྲགས་དང་སྐབས་དང་པོའི་ཚོགས་མིའི་འོས་འདེམས་གནང་བ་ནས་ལྷན་ཚོགས་འདི་ཉིད་དབུ་བརྙེས། གོང་གསལ་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་གསོ་རིག་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ད་བར་ལྷན་ཚོགས་ཚོགས་ཐེངས་༢༩ བསྐོང་ཚོགས་ཟིན་ཞིང་ད་ལན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཚོགས་ཐེངས་༣༠ པ་འདིའི་ཐོག་ལྷན་ཚོགས་ནས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་དྲུང་ཆེ་Dr. K.Natrajan མཆོག་དང་དེ་གའི་གསོ་བ་རིག་པའི་ཐད་བསྐོས་ཚོགས་མི་སྨན་རམས་པ་པདྨ་འགྱུར་མེད་ལགས་གཉིས་ཆེད་དུ་གདན་ཞུཐོག་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པའི་བསླབ་གཞི་རྩ་འཛིན་དང་གསོ་རིག་སློབ་གཉེར་ཁང་གི་ཉུང་མཐའི་དགོས་མཁོའི་ཆ་རྐྱེན་སྒྲིག་གཞི། དེ་བཞིན་གསོ་རིག་སྨན་པ་རྣམས་ཁྲིམས་མཐུན་དེབ་སྐྱེལ་གནང་ཕྱོགས་ཀྱི་སྒྲིག་གཞི་འགྲེལ་བརྗོད་དང་དྲི་བ་བགྲོ་གླེང་གི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། ལྷན་ཚོགས་ཚོགས་ཐེངས་༣༠ པའི་ཐོག་གལ་ཆེའི་གྲོས་ཆོད་བྱུང་བ་རྣམས་འདིའི་རྗེས་གསར་འགོད་གསལ་བསྒྲགས་ནང་ཐོན་རྒྱུ་ཡིན་པས་འདིར་ཞུ་མི་དགོས།
གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་འདི་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གོ་སྒྲིག་ཞུས་ཅིང་ད་ལན་ཟབ་འཁྲིད་ཐེངས་དྲུག་པ་འདིའི་ཐོག་ཁྱོན་མཁས་དབང་གྲངས་༡༢ ནས་གསོ་བ་རིག་པའི་ལོ་རྒྱུས་ཐོག་༢ གཞུང་ལུགས་ཐོག་ཚོགས་ཐེངས་༣ གསོ་རིག་ནད་བཅས་ཐོག་ཚོགས་ཐེངས་༧ ལག་ལེན་ཐོག་ཚོགས་ཐེངས་༢ གསོ་རིག་སྨན་རྒྱུ་དང་སྨན་སྦྱོར་ཐོག་ཚོགས་ཐེངས་༢ ཉམས་ཞིབ་ཐོག་ཚོགས་ཐེངས་༤ ཁྲིམས་སྒྲིག་ཐོག་ཚོགས་ཐེངས་༣ སྤྱི་སྨན་བགྲོ་གླེང་ཚོགས་ཐེངས་༡ བཅས་ཁྱོན་ཚོགས་ཐེངས་༢༤ ཚོགས་གནང་ཡོད། ཟབ་འཁྲིད་འདིའི་ཐོག་ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་དང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ལ་དྭགས་དང་སྤི་ཏི། སྒང་ཏོ་དང་རྡོ་རྗེ་གླིང། རྒྱ་གར་ལྷོ་ཕྱོགས་ཧེ་དཱ་བྷ་ད་བཅས་ནས་ཁྱོན་སྨན་པ་གྲངས་༣༠ ཚོགས་བཅར་གནང་ཡོད། ལས་བསྡོམས་རྒྱས་པ་གསོ་རིག་ལྷན་ཚོགས་ཀྱི་དྲ་རྒྱ་དང་གསར་འཕྲིན་ཁག་ནང་ཐོན་རྒྱུ་ཡིན་པ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༧ ལ་ཕུལ།།