ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༩ ཚོགས་བཞིན་ཡོད་པའི་དུས་སྐབས་དང་བསྟུན། རྒྱ་ནག་གཞུང་གི་དབང་སྒྱུར་འོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་འདྲ་ཆགས་ཡོད་སྐོར་ཟུར་དུ་ཚོགས་འདུ་ཞིག་སྐོང་ཚོགས་ཀྱིས་གསལ་འདོན་གནང་ཡོད་པ་རེད།
དེ་ཡང་བོད་དོན་ཟུར་ཚོགས་ལས་རིམ་དེ་ཉིད་ཕྱི་ཚེས་ ༡༧ ཉིན་ཚོགས་གནང་ཡོད་པ་དང་། ཚོགས་འདུ་གོ་སྒྲིག་གནང་མཁན་ནི་ Society for Threatened Peoples ཞེས་དྲག་པོའི་སྲིད་དབང་རིང་ལུགས་འོག་ནས་སྡུག་སྦྱོང་མྱང་བའི་གྲངས་ཉུང་མི་རིགས་ཚོར་ཉེན་སྐྱོབས་བྱེད་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་དེ་ཡིན་འདུག ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་། མི་རིགས་དབྱེ་འབྱེད་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ནས་སྐུ་ཞབས་ཏ་ཡེ་སུ་ཀི་ཀོ་མཏ་སུ་Taisuke Komatsu ལགས་རྣམ་གཉིས་གདན་ཞུ་དང་། ལས་རིམ་གཙོ་སྐྱོང་གནང་མཁན་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཛོ་ལར་ Adrien-Claude Zoller ལགས་ཡིན་འདུག
སྐབས་དེར་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ། རིང་མིན་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་རྒྱལ་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གསལ་འདོན་དང་། བོད་དོན་ལས་འགུལ་ནུས་ཤུགས་མཐོ་རུ་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་ཅེས་སོགས་གསུང་།
དེ་བཞིན་གསུང་བཤད་གནང་མཁན་སྐུ་ཞབས་ཏ་ཡེ་སུ་ཀི་ཀོ་མཏ་སུ་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག གང་ལྟར་གསུང་བཤད་གནང་མཁན་གཉིས་ཀས་རིང་མིན་རྒྱལ་ཚོགས་སུ་ཕྱི་ཟླ་ ༡༡ ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་གནང་སྐབས། ཚོགས་མི་རྒྱལ་ཁབ་ཁག་གི་གཙོས་པའི་འབྲེལ་ཡོད་ཚོགས་སྡེ་ཡོངས་ནས་ངེས་པར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྩིས་སྲུང་བྱ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག་པ་བཅས། །