༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་གཅིག་འགྲེམས་སྤེལ་བྱས་ཏེ་ནན་བཤད་བྱེད་དོན། ཀྲུང་གོས་ཆོས་ལུགས་རང་བདག་རང་སྒྲུབ་དང་། ཆོས་ལུགས་གནས་པ་དང་གོང་འཕེལ་འགྲོ་བ་ངེས་པར་དུ་གནས་ཡུལ་དེའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་དགོས་པ་དང་། རང་ཡུལ་ཅན་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་རྒྱལ་ཁབ་ཕྱིའི་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཐུབ་པ་བྱ་དགོས་ཞེས་དང་། རྒྱབ་ཤ་དཀར་པོའི་ནང་གསལ་དོན། རྒྱ་ནག་གིས་ཆོས་ལུགས་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཆོས་ལུགས་བྱ་བའི་དོན་དངོས་བཅས་གཞིར་བཞག་སྟེ། ཁྲིམས་ལྟར་ཆོས་ལུགས་དད་མོས་རང་དབང་འགན་སྲུང་དང་། ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ལམ་ལྷོང་ལྡན་པའི་འགྲོ་ལམ་ཞིག་ཏུ་བསྐྱོད་ཡོད་ཅེས་འཁོད་འདུག
འོན་ཀྱང་། དངོས་ཡོད་གནས་ཚུལ་ནི་དེ་འདྲ་ཞིག་ག་ལ་ཡིན།《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཞེས་པའི་རྒྱབ་ཤ་དཀར་པོ་དེའི་འབྲུ་དོན་དང་། རྒྱ་ནག་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་དངོས་ཡོད་གནས་སྟངས་དབར་གནམ་ས་འཛོལ་བའི་ཁྱད་པར་ཆེན་པོ་འདུག སྦ་གསང་མེད་པར་བརྗོད་ན། རྒྱབ་ཤ་དཀར་པོའི་དེབ་དེས་ཤྭ་བར་མཛུབ་གུ་བཙུགས་ནས་རྟ་རེད་ཟེར་བའི་དཔེ་ལྟར་བདེན་རྫུན་གོ་ལྡོག་འབའ་ཞིག་ལས་མ་འདས། དེས་རྒྱལ་ནང་རང་གི་མི་དམངས་ལ་མགོ་སྐོར་སླུ་བྲིད་བཏང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་མགོ་སྐོར་གཏོང་རྩིས་བྱས་པ་ཞིག་རེད། སྤྱིར་དེ་ནི་རྒྱ་ནག་དམར་པོའི་གཞུང་གི་རྒྱུན་གཏན་གྱི་གཡོ་སྒྱུ་ཁྲམ་གསུམ་གྱི་འཁྲབ་སྟོན་ཡིན་པས། དེར་ཡ་མཚན་དགོས་དོན་མེད། ཡིན་ནའང་ཐེངས་འདིའི་གཡོ་སྒྱུ་འཁྲབ་སྟངས་ནི་ཆེས་ཐ་ཞན་དང་། ཆེས་ཁུངས་ལུང་མེད་པ་ཞིག་རེད་འདུག་ན། དྲང་ཚུགས་སུ་གནས་པའི་གང་ཟག་གསུམ་པ་ཞིག་གིས་འཛམ་གླིང་ཆོས་ལུགས་ཆེ་གྲས་གསུམ་སྟེ་དབྱི་སི་ལན་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། མིག་སྔར་རྒྱ་ནག་ནང་ཆོས་ལུགས་དེ་དག་ལ་དད་མོས་བྱེད་མཁན་རྣམས་འགྲོ་ལམ་མེད་པའི་གཡང་ས་ཞིག་ཏུ་ལྷུང་ཡོད་པ་དང་། སྔར་བྱུང་མྱོང་མེད་པའི་འཇིགས་སྣང་དང་གོད་ཆག་འདི་རྣམས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་དོན་མཛེས་སྡུག་ལྡན་པའི་རྫུན་གཏམ་དག་ལ་མ་རྒོལ་རང་ཐོར་དང་། བདེན་མེད་གཏམ་ཟད་ཁོ་ནར་བསྒྱུར་ཡོད།
རྒྱ་ནག་ནང་ཁུལ་གྱི་ཡེ་ཤུའི་ཆོས་ལུགས་སྐོར།
ཡེ་ཤུའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ན་ཏོ་མཱ་སེ་(Thomas)འམ། བྷ་ཏོ་ལོའོ་མེའེ་(Bartholomew)ཡིས་ཐོག་མར་རྒྱ་ནག་ནང་ཡེ་ཤུ་ཡི་“ཤིས་འཕྲིན་” (福音) སྤེལ་བར་འདོད། ལོ་རྒྱུས་ཡིག་ཆའི་ནང་འཁོད་པའི་ཅུང་གནད་ལ་འཁེལ་བའི་ལོ་ཚིགས་ནི་སྤྱི་ལོ་ ༦༣༥ ཡིན། ཐང་རྒྱལ་རབས་ཀྱི་ལོ་སྟོད་ཙམ་སྟེ། ཐང་གོང་མ་ཐེ་ཙུང་ཀྲེན་ཀོན་ཁྲི་ལོ་དགུ་པའི་ནང་ཡེ་ཤུའི་ཆོས་ལུགས་ཐོག་མར་རྒྱ་ནག་ནང་དར། ཐེངས་གཉིས་པ་ནི་ཡོན་རྒྱལ་རབས་སྐབས་ཡེ་ལི་ཁེ་ཝེན་(也里可溫) ཁྱབ་སྤེལ་བྱུང་། “ཡེ་ལི་ཁེ་ཝེན་”ནི་ཡོན་རྒྱལ་རབས་སོག་པོའི་མི་རིགས་ཚོས་ཡེ་ཤུའི་ཆོས་ལུགས་དང་དེའི་རྗེས་འབྲང་ཚོར་འབོད་པའི་མིང་ཚིག་ཅིག་ཡིན། རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ཐེངས་གསུམ་པ་ཁྱབ་སྤེལ་བྱུང་བའི་དུས་ནི་མིང་རྒྱལ་རབས་མཇུག་དང་ཆིང་རྒྱལ་རབས་འགོ་སྟོད་ཙམ་ལ་རེད། རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ཐེངས་བཞི་པ་ཁྱབ་སྤེལ་བྱུང་བའི་དུས་ནི་ཉལ་ཐའི་དམག་འཁྲུག་རྗེས་ཏེ་དུས་རབས་ ༡༩ པའི་དུས་མཇུག་ཙམ་རེད་འདུག དུས་ཡུན་དེའི་རིང་རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་གཞི་རྒྱ་ཆེ་བའི་ཁྱབ་སྤེལ་བྱ་ཡུལ་ཁག་ལྔ་ཙམ་དང་། དད་པ་བྱེད་མཁན་མི་གྲངས་འབུམ་བདུན་ཙམ་བར་རྒྱ་སྐྱེད་ཕྱིན་པར་གྲགས།
ཤེས་རྟོག་བྱུང་བ་ལྟར་ན། མིག་སྔར་རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་མི་གྲངས་དུང་ཕྱུར་གཅིག་ལྷག་ཡོད་པ་དང་། གྲངས་འབོར་ཆ་ནས་འཛམ་གླིང་ཐོག་ཡེ་ཤུའི་ཆོས་ལུགས་དད་པ་བྱེད་མཁན་གྱི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དང་ཧ་ལམ་ཁྱད་པར་མེད་པ་ཆགས་ཡོད། དེའི་ཁོངས་དེབ་སྐྱེལ་མ་བྱས་པའི་ཆོས་ཚོགས་ནི་སྤྱིའི་བསྡོམས་འབོར་གྱི་ ༥༠% ཙམ་ཟིན་པ་མ་ཟད། ཡེ་ཤུའི་ཆོས་ལུགས་ནི་རྒྱ་ནག་ནང་འཕེལ་རྒྱས་སུ་འགྲོ་བའི་མྱུར་ཚད་ཤིན་ཏུ་མགྱོགས་པའི་གྲས་རེད། རྒྱ་ནག་ནང་བསྒྱུར་བཅོས་དང་སྒོ་འབྱེད་འགོ་བཙུགས་པའི་དུས་སུ། ཡེ་ཤུའི་རྗེས་འབྲང་པ་མི་འབོར་ས་ཡ་གཉིས་ཙམ་ཡོད་ཅིང་། ལོ་བཞི་བཅུ་ཙམ་འདས་པའི་རྗེས་ལ་ལྡབ་གྲངས་ ༤༠ ནས་ ༥༠ ཙམ་འཕར་ཡོད་པ་རེད། གོ་ཐོས་ལྟར་ན། མིག་སྔར་ལོ་རེར་བརྒྱ་ཆ་ ༥ ཡི་མྱུར་ཚད་ཀྱིས་མུ་མཐུད་དེ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་གྲགས། གོང་གསལ་འཕེལ་རྒྱས་འགྲོ་བའི་མྱུར་ཚད་ལ་གཞིགས་ཚེ། སྤྱི་ལོ་ ༢༠༣༠ ལོར་རྒྱ་ནག་ནི་འཛམ་གླིང་ཐོག་ཡེ་ཤུའི་ཆོས་ལུགས་པ་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུ་རེད།
ཡིན་ནའང་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་ལ་རྒྱ་ནག་གཞུང་ཕྱོགས་ནས་དགའ་བསུ་ཐོབ་ཀྱི་མེད་པ་ནི་མངོན་གསལ་དོད་པོ་ཡིན་ལ། ད་དུང་མཐའ་གཅིག་ཏུ་ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཡེ་ཤུ་ཆོས་ལུགས་རྒྱ་ནག་ནང་འཕེལ་རྒྱས་འགྲོ་བར་གང་ཐུབ་ཀྱིས་བཀག་འགོག་བྱེད་བཞིན་ཡོད། ལྷག་པར་དུ་སྲིད་གཞུང་ལ་དེབ་སྐྱེལ་བྱས་མེད་པའི་ས་འོག་ཆོས་ཚོགས་དང་ཡེ་ཤུ་དད་ལྡན་པ་འདུ་འཛོམས་བྱ་ཡུལ་ཁག་ལ་སྔར་བྱུང་མ་མྱོང་པའི་དམ་བསྒྲགས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་ ༢༠༡༤ ལོ་ནས་འགོ་བཙུགས་ཏེ་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དེའི་ནང་གི་ཡེ་ཤུ་ལྷ་ཁང་ཡང་སྟེང་དུ་བཙུགས་པའི་རྒྱ་གྲམ་ཆོས་རྟགས་བཙན་ཤེད་ཀྱིས་བཤིག་པ་དང་། ཐ་ན་ལྷ་ཁང་ཡོངས་རྫོགས་ཤུལ་མེད་དུ་གཏོང་གི་ཡོད། ༢༠༡༥ ལོ་ཟླ་ ༧ ནང་། ཀྲེ་ཅང་ཞིང་ཆེན་ནང་ཡེ་ཤུ་ལྷ་ཁང་གྲངས་ ༡༧༠༠ ལྷག་ཡོད་པའི་རྒྱ་གྲམ་ཆོས་རྟགས་དེ་དག་བཤིག་རལ་དུ་བཏང་། ལྷ་ཁང་ཡང་སྟེང་གི་རྒྱ་གྲམ་ཆོས་རྟགས་བཤིག་རྗེས། དེ་དག་གི་ཚབ་ཏུ་སྐར་ལྔའི་དར་དམར་བཙུགས། བཙན་ཤེད་ཀྱིས་བཤིག་པའི་རྐྱེན་ལས་སྲིད་གཞུང་དང་དད་ལྡན་པའི་དབར་ཚབས་ཆེའི་འགལ་ཟླ་བྱུང་། དད་ལྡན་པ་མི་ཉུང་བ་ཞིག་གིས་ལྷ་ཁང་སྲུང་སྐྱོབ་བྱས་རྐྱེན་ལས་ཉེས་དོན་གྱི་བཀག་སྐྱིལ་དང་། དེ་ལས་མང་བ་ཁྲག་སྦྱོར། ཐ་ན་ཚེ་སྲོག་ཤོར་བའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱུང་ཡོད། དཔེར་ན། ༢༠༡༦ ལོ་ཟླ་ ༤ ཚེས་ ༡༤ ཉིན། ཧེ་ནན་ཞིང་ཆེན་ཀྲུའུ་མཱ་ཏེན་གྲོང་ཁྱེར་ཤིན་ཚའེ་རྫོང་ཀོན་ཅིན་སྲང་ལམ་བྱང་སྣེ་རུ་གནས་པའི་ཡེ་ཤུ་ལྷ་ཁང་གི་འགན་འཛིན་ལིའི་ཅན་ཀུང་ཆོས་བདག་དང་བཟའ་ཟླ་ཏིན་ཚུའེ་མེའི་གཉིས་ཀྱིས་ལྷ་ཁང་བཤིག་རྒྱུ་བཀག་འགོག་གིས་སྲུང་སྐྱོབ་བྱས་པར། ས་གནས་ཀྱི་མི་ངན་ཁྲམ་པས་ས་དབོར་འཕྲུལ་འཁོར་གྱིས་ས་དོང་ནང་དྲུད་དེ་ས་འོག་ཏུ་གསོན་སྦས་བྱས། ཏིན་ཚུའེ་མེའི་རང་སྲོག་ཤོར་བ་དང་། ལིའི་ཅན་ཀུང་ཆོས་བདག་ས་དོང་ལས་ཐར་ཏེ་སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་།
༢༠༡༦ ལོ་ཟླ་ ༢ ནང་། ཉིང་པོ་ཅིན་ཧྭ་གྲོང་སྡེའི་ཡེ་ཤུ་ཆོས་དཔོན་པའོ་གོ་ཧྭ་དང་བཟའ་ཟླ་ཞིང་ཝེན་ཤང་སོགས་མི་གྲངས་ ༡༢ ལ། གོ་གནས་སྤྱད་དེ་ཧམ་བཟུང་བྱས་པའི་ནག་ཉེས་དང་། མང་ཚོགས་འདུ་འཛོམས་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་ནག་ཉེས། ཁྲིམས་འགལ་གྱིས་བདག་གཉེར་བྱས་པའི་ནག་ཉེས། དེ་བཞིན་རྩིས་གཉེར་གྱི་འཛིན་ཡིག་སྦས་སྐུང་བྱས་པའི་ནག་ཉེས་ཟེར་བ་སོགས་ཉེས་མིང་ཁག་བཞིའི་ཐོག་ནས་ཉེས་ཆད་ཆེན་པོ་བཏང་ཡོད། དེའི་ཁྲོད་པའོ་གོ་ཧྭ་ལ་དུས་བཀག་བཙོན་འཇུག་ལོ་ ༡༤ དང་། ཞིང་ཝེན་ཤང་ལ་དུས་བཀག་བཙོན་འཇུག་ལོ་ ༡༢ ཀྱི་ཉེས་ཆད་ཕོག་ཡོད། མནར་གཅོད་ཀྱི་གྱོད་གཞི་དེ་ནི་ཀྲེ་ཅང་ནང་རྒྱ་གྲམ་ཆོས་རྟགས་བཙན་ཤེད་ཀྱིས་བཤིག་པའི་ལས་འགུལ་ཁྲོད་ཆེས་གདུག་རྩུབ་ཀྱི་དྲག་གནོན་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
མདོ་དོན། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཡེ་ཤུ་ཆོས་ལུགས་དེ་ཀྲུང་གོའི་ཅན་དང་། རང་ཡུལ་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་། ཡེ་ཤུ་ཆོས་ལུགས་ལ་མནར་གཅོད་གཏོང་བ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་སོང་ཡོད། ལྷ་ཁང་དང་རྒྱ་གྲམ་ཆོས་རྟགས་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་མ་ཚད། ཁྱིམ་གྱི་ཆོས་ཚོགས་གང་མང་གི་ཚོགས་མི་འཛིན་བཟུང་བྱས། རྒྱ་ནག་གི་ཡེ་ཤུ་ཆོས་ལུགས་ལ་སྡུག་རྩུབ་དང་ཁྲག་སྦྱོར་ཚད་ལས་འདས་པའི་མནར་གཅོད་ཕོག་ཡོད། ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པའི་ཁྲོད་ནས་བཙོན་འཇུག་བཀག་ཉར་དང་། ཡང་ན་སྡུག་སྦྱོང་མནར་མེད་གཏོང་བ། འགའ་རེ་ས་ཕྱོགས་གང་སར་བྲོས་བྱོལ། ཁྱིམ་མི་ཁ་ཐོར་འགྲོ་བ། ཐ་ན་འགའ་རེ་དབང་པོ་སྐྱོན་ཅན་དང་། མནར་གཅོད་འོག་ཚེ་སྲོག་ཤོར་བ་བྱུང་ཡོད། “རྒྱ་ནག་གི་ཅེའོ་རུའེ་ས་ལེམ”( 中国的耶路撒冷China’s Jerusalem)ཞེས་འབོད་པའི་ཀྲེ་ཅང་ཞིང་ཆེན་ཝེན་ཀྲའོ་གྲོང་ཁྱེར་ནི་རྒྱ་གཞུང་གིས་ཡེ་ཤུ་ཆོས་ལུགས་ལ་གནོད་འཚེ་ཆེ་ཤོག་ཕོག་ཡུལ་ས་ཁུལ་དེ་ཆགས་ཡོད། འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་སྲུང་བྱས་པ་ཡིན་ནམ།
ཤར་ཏུར་ཀི་སི་ཐན་གྱི་དབྱི་སི་ལན་ཆོས་ལུགས་སྐོར།
དབྱི་སི་ལན་ཆོས་ལུགས་ཤར་ཏུར་ཀི་སི་ཝན་ནང་ཐོག་མར་དར་བའི་དུས་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་འགོར་ཡིན་པ་རེད། ཆོས་སྤེལ་བྱེད་སྒོ་དེ་དང་དབྱི་སི་ལན་ཆོས་ལུགས་ཀྱི་སྟོབས་ཤུགས་དཀྱིལ་ཤར་ཨེ་ཤི་ཡའི་ནང་འཕེལ་རྒྱས་འགྲོ་བར་འབྲེལ་བ་དམ་གཟབ་ཡོད། ལོ་རྒྱུས་ཐོག་ཡུ་གུར་མི་རིགས་ལ“ཧུད་ཀི”(回纥)ཡང་ན“ཧུད་གུ” (回鹘)ཞེས་འབོད་ཅིང་། དེ་གནའ་བོ་ཐུའུ་ཅོ་འབྲོག་པའི་ཚོ་ཁག་གཅིག་གི་ཁོངས་གཏོགས་རེད། རྗེས་སུ་གོང་མའི་ལམ་ལུགས་ཀྱི་ཧན་རྒྱལ་ཁབ་བཙུགས་ཏེ། དབྱི་སི་ལན་ཆོས་ལུགས་ལ་དང་ལེན་བྱས། དེ་ཡང་དམག་ཤུགས་ལ་བརྟེན་ནས་ཁྱབ་སྤེལ་བཏང་། དམག་དོན་དཔུང་འཇུག་རིམ་བསྟུད་བྱས་པ་བརྒྱུད། མཐར་ལི་ཡུལ་(于闐)(དེང་ཤར་ཏུར་ཀི་སི་ཐན་ཧི་ཐན་གྲོང་ཁྱེར)ས་རྒྱུད་ཀྱི་ནང་པའི་སྟོབས་ཤུགས་ལས་རྣམ་པར་རྒྱལ་ཏེ། ཤར་ཏུར་ཀི་སི་ཐན་ལྷོ་ཁུལ་(南疆)དུ་དབྱི་སི་ལན་ཆོས་ལུགས་བརྟན་ཚུགས་བྱུང་བ་རེད།
མིག་སྔར་རྒྱ་ནག་ནང་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་མུ་སི་ལིམ་མི་རིགས་ས་ཡ་སུམ་ཅུ་ཙམ་ཡོད་པ་དང་། དེའི་ཁོངས་ཧུད་རིགས་དང་ཡུ་གུར་མི་རིགས་གཉིས་ཀྱི་གྲངས་འབོར་མང་ཤོས་དེ་ཆགས་ཡོད། དབྱི་སི་ལན་ཆོས་ལུགས་ལ་སུམ་ནི་(Sunni)དང་། ཤི་ཡཱ་(Shia)ཆོས་བརྒྱུད་ཆེ་ཁག་གཉིས་ཡོད་ཅིང་། རྒྱ་ནག་ནང་གི་དབྱི་སི་ལན་ཆོས་ལུགས་ནི་ཐ་ཅི་ཁེ་རིགས་ཀྱིས་ཤི་ཡཱ་ཆོས་བརྒྱུད་ཀྱི་དབྱི་སི་མ་ཡེIsmailiལུགས་ལ་དད་པ་བྱེད་པ་དང་། སཱ་ཁྲཱ་རྫོང་(莎车县)ཁོངས་ཀྱི་ཡུ་གུར་མི་རིགས་ཁག་གཅིག་གིས་ཤི་ཡཱ་ཆོས་བརྒྱུད་ཀྱི་དབྱི་མཱ་མུའུ་བཅུ་གཉིས་ Twelve Imamལུགས་ལ་དད་པ་བྱེད་པ་ཕུད། དེ་མིན་སུམ་ནི་ཆོས་བརྒྱུད་ལ་དད་པ་བྱེད་མཁན་ཡིན་པ་རེད།
དེང་སང་ཤར་ཏུར་ཀི་སི་ཐན་ས་ཁུལ་གྱི་ཡུ་གུར་མི་རིགས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་རྣམས་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་ལ་གནོད་འཚེ་གཏོང་ཡུལ་གཙོ་བོའི་ས་ཁུལ་གྲས་ཤིག་ཆགས་ཡོད། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་དར་ཆ་འཕྱར་ཏེ་ཤར་ཏུར་ཀི་སི་ཐན་གྱི་མུ་སི་ལིམ་ཚོར་ཆོས་ལུགས་རྩ་གཏོར་གྱི་དྲག་གནོན་བྱེད་བཞིན་པ་རེད། སྲིད་གཞུང་གི་ཕྱོགས་ནས་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་དོན་མི་སྣའི་བསྐོ་གཞག་དང་། ཁུ་རན་གསུང་རབ་(可蘭經) དཔར་རྩ་མི་འདྲ་བ་བེད་སྤྱོད་གཏོང་སྟངས། ཆོས་ཕྱོགས་འདུ་འཛོམས་བྱ་ཡུལ། ཆོས་ལུགས་འདུ་འཛོམས་སྐབས་བཤད་རྒྱུའི་སྐད་ཆའི་ནང་དོན། དོ་བདག་སྒེར་གྱི་རྣམ་འགྱུར་སྟོན་སྟངས་སོགས་ལ་དོ་དམ་ནན་པོ་བྱེད་ཀྱི་ཡོད། དཔེར་ན། དབྱི་སི་ལན་ཆོས་ཁང་ཚང་མར་གཞུང་ཕྱོགས་ནས་ཆེད་དུ་གསོས་པའི་ཆོས་དོན་མི་སྣ་བསྐོ་གཞག་ཡོད་པ་དང་། དེ་མིན་ལས་བྱེད་པ་རེ་རེས་དབྱི་སི་ལན་ཆོས་ཁང་རེ་འགན་ལེན་གྱིས་ཕྱི་ཕྱོགས་མི་སྣ་དང་། གཞོན་སྐྱེས། ཚད་བཀག་གྲངས་འབོར་ལས་བརྒལ་བའི་མི་སྣ་བཅས་བཀག་འགོག་བྱས་ཏེ་ཕྱག་འབུལ་བྱེད་པར་གཏོང་གི་མེད། ༢༠༡༣ ལོ་ནས་བཟུང་། ཤར་ཏུར་ཀི་རང་སྐྱོང་ལྗོངས་སྲིད་གཞུང་གིས“ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ”ཡི་གནོད་འཚེའི་དྲིལ་བསྒྲགས་རྒྱ་ཆེ་དང་། དུས་མཚུངས་དེའི་ཤུགས་རྐྱེན་འགོག་ཐབས་ཆེད། སྲིད་ཇུས་ཤིན་ཏུ་རྩུབ་པོའི་སྒོ་ནས་ལག་བསྟར་བྱེད་ཀྱི་ཡོད། ཡུ་གུར་མི་རིགས་ཀྱི་བུད་མེད་ཚོའི་མགོ་རས་དང་། སྐྱེས་པའི་ཁ་སྤུ་རིང་པོ་དེ་དག་ཚང་མ་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློའི་ཁོངས་སུ་བཞག་སྟེ། མགོ་རས་གྱོན་པའི་བུད་མེད་དང་། ཁ་སྤུ་རིང་པོ་བཞག་པའི་སྐྱེས་པ་རྣམས་ལས་དོན་སྡེ་ཚན་༼ལས་ཁུངས༽དང་མང་ཚོགས་འདུ་འཛོམས་བྱ་ཡུལ་དུ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད། དེ་བས་ཚབས་ཆེ་བ་ཞིག་ནི་ཡུ་གུར་མི་རིགས་མུ་སི་ལིམ་ཚོར་བཙན་གནོན་ངང་ཕག་ཤ་བཟའ་རུ་འཇུག་གི་ཡོད་པ་རེད། དེ་འདྲའི་བྱ་སྤྱོད་རྩུབ་རྩིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཟེར་བ་དེ་དང་རྦད་དེ་རྒྱབ་འགལ་ཆགས་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། རིག་གནས་གསར་རྗེ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་གི་ལས་བྱེད་པས་ཨ་ཧུང་༼དབྱི་སི་ལན་ཆོས་ལུགས་ཀྱི་འགོ་གཙོ༽ལ་བཙན་བཀའ་བཏང་སྟེ་དབྱི་སི་ལན་ཆོས་ཁང་ནང་དུ་ཕག་པ་གསོ་བཅུག་པ་དང་། ད་ཆ་ཤར་ཏུར་ཀི་སི་ཐན་སྲིད་གཞུང་དཔོན་རིགས་ཚོས་བཙན་ཤེད་ངང་ཨ་ཧུང་གི་སྐེ་ལ་ཐག་པ་བརྒྱབ་སྟེ་རང་ཤི་རྒྱག་བཅུག་པ་དང་། བཙོན་འཇུག ཁྲིམས་ཆད་གཅོད་པ་སོགས་བྱེད་ཀྱི་ཡོད། དེས་རྐྱེན་པས་ཡུ་གུར་མི་རིགས་ས་ཁུལ་གྱི་ཨ་ཧུང་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་དབང་འཛིན་ལས་ཁུངས་སམ་རྒྱ་དམར་གཞུང་ནས་ཁས་ལེན་མེད་པའི་དད་ལྡན་ཆོས་ལུགས་མི་སྣ་ཧུར་བརྩོན་ཅན་དེ་དག་ཚང་མ་འཛིན་བཟུང་དང་སྡུག་སྦྱོང་གཏོང་བ་མ་ཟད། ཐ་ན་སྲིད་གཞུང་གིས“མི་རིགས་ཁ་བྲལ་རིང་ལུགས”སམ་“འཇིགས་སྐུལ་རིང་ལུགས”ཟེར་བའི་ཉེས་མིང་འོག་སྲོག་ཁྲིམས་གཅོད་ཀྱི་ཡོད། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པ་ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་དྲུང་ཆེས་ངོས་ལེན་བྱས་དོན། དེ་སྔོན་སྲིད་གཞུང་གིས་སྤྱི་ལོ་ ༢༠༠༤ ལོ་སྟོད་ལ་ཚོགས་པ་དང་སྒེར་པ་བཅས་ལ“ཁ་བྲལ་དང་འཇིགས་སྐུལ་རིང་ལུགས”ཀྱི་དོགས་གཞིའི་འོག་གྱོད་གཞི་གྲངས་ ༢༢ ཁྲིམས་སྦྱོར་དང་། མི་གྲངས་ ༥༠ ལ་ཁྲིམས་གཅོད་བཏང་ཡོད། དེའི་ཁོངས་དེ་སྔོན་སྲོག་ཁྲིམས་བཅད་པ་ཁག་གཅིག་ཀྱང་ལག་བསྟར་བྱས་ཡོད། ཅེས་བཤད། ཤར་ཏུར་ཀི་སི་ཐན་ནི“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཙེས་པའི་ཉེས་པའི”འོག་རྒྱལ་ཡོངས་ནས་སྲོག་ཁྲིམས་བཅད་པ་མང་ཤོས་ཞིང་ཆེན་དེ་ཆགས་ཡོད། ༡༩༩༧ ལོ་ནས་བཟུང་མི་གྲངས་ ༢༠༠ ལྷག་སྲོག་ཐོག་བཏང་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་སྲུང་བྱས་པ་ཡིན་ནམ།
བོད་བརྒྱུད་ནང་བསྟན་སྐོར།
ནང་བསྟན་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བཞི་པའི་དུས་དཀྱིལ་ཙམ་ལ་རྒྱ་གར་ནས་བོད་དུ་དར་སྤེལ་གནང་། དེ་ཡང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་དུས་སུ་ནང་པའི་སྐུ་གསུང་ཐུགས་གསུམ་མཚོན་པའི“གཉན་པོ་གསང་བ”ཐོག་མར་བྱུང་། བསྟན་པ་ཕྱི་དར་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཕྱག་དཔེ་ཁག་ནང་གསལ་བ་ལྟར་ན། བོད་དུ་ནང་བསྟན་ཆོས་ལུགས་ཐོག་མར་དུས་རབས་བདུན་པའི་དུས་དཀྱིལ་ལ་དར་ཞེས་གསལ། གང་ལྟར་བཙན་པོའི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་། ནང་པ་སངས་རྒྱས་པའི་བསྟན་པ་བོད་དུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ཏེ། འབྲས་བུ་སྨིན་པ་བཅས་མི་རབས་ནས་མི་རབས་ཆད་མེད་བརྒྱུད་སྤེལ་དང་། འཕེལ་རྒྱས་གོང་སྤེལ་བྱུང་ཡོད། དེ་ཡང་གསུང་རབ་ཡིག་སྒྱུར་ནས་ཆོས་བརྒྱུད་ཁག་སྲོལ་གཏོད། ཆོས་སྡེ་འཛུགས་སྐྲུན་ནས་སྐྱེས་ཆེན་དམ་པ་གང་མང་བྱོན་པ་བཅས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་བྱུང་ཡོད་པ་མ་ཟད། མི་རབས་ནས་མི་རབས་བར་བོད་མིའི་བསམ་བློའི་ཁ་ཕྱོགས་ལ་འགྱུར་བ་བཏང་ཡོད། དུས་རབས་སྔ་མའི་དུས་མཇུག་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནང་བསྟན་རྒྱ་ཆེར་སྤེལ་ཏེ ། བོད་བརྒྱུད་ནང་བསྟན་དེ་ཉིད་ཧི་མ་ལ་ཡའི་རི་རྒྱུད་ནས་འཛམ་གླིང་ཡོངས་སུ་སྐྱོད་པའི་འགོ་བརྩམས། དུས་མཚུངས་སུ་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་འདེད་དང་། མི་སེམས་དྭངས་གཙང་བཟོ་བ་སོགས་ཀྱི་ཐད་རླབས་ཆེན་གྱི་མཛད་རྗེས་བཞག་སྟེ། འོད་མདངས་ཆེམ་ཆེམ་གྱི་མིའི་རིགས་ཀྱི་ལོ་རྒྱུས་ལེ་ཚན་གསར་པ་ཞིག་གི་འགོ་བཙུགས་པ་རེད།
དེ་འདྲ་ཡིན་ནའང་། ནང་བསྟན་ནི་ལྷ་མེད་སྨྲ་བའི་གུང་ཁྲན་ལ་མཚོན་ན། ཁོང་ཚོར་སྙིང་ལ་ཟུག་པའི་ན་ཚ་ཞིག་ཆགས་ཡོད། དེར་བརྟེན། སྲིད་གཞུང་གིས་བོད་ནང་གི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་དང་ཆོས་ཀྱི་དབུ་འཁྲིད་རྣམས་དང་༸གོང་ས་ཏཱ་ལའི་བླ་མ་དབར་འབྲེལ་བ་རྦད་དེ་གཅོད་རྩིས་བྱེད་ཀྱི་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོ་གུང་ཁྲན་ཏང་གི་རྗེས་འབྲང་དགོས་པ་ལས། ཏཱ་ལའི་བླ་མའི་རྗེས་འབྲང་མི་ཆོག་པ་བཟོས་ཏེ། ཡང་ནས་ཡང་དུ་བོད་བརྒྱུད་ནང་བསྟན་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དགོས་པའི་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་ནང་རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་ཏེ་བོད་བརྒྱུད་ནང་བསྟན་དེ་བཞིན“ཏང་བརྒྱུད་ནང་བསྟན”ལ་བསྒྱུར་བཅོས་གཏོང་རྒྱུའི་རེ་ངན་བཅངས་ཡོད་པ་རེད།
བོད་བརྒྱུད་ནང་བསྟན་དེ་ཕྱོགས་ཡོངས་ནས“ཏང་བརྒྱུད་ནང་བསྟན”ལ་བསྒྱུར་བཅོས་གཏོང་རྒྱུའི་ལས་འགན་ཆེན་པོ་དེ་འགྲུབ་ཆེད། བོད་ཡོངས་ཀྱི་དགོན་སྡེ་ཁག་ནང་བཅའ་སྡོད་ལས་བྱེད་མངགས་གཏོང་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་ཚོས་གཞན་འགན་རང་སྒྲུབ་བྱས་ཏེ་དགོན་པའི་ལས་དོན་ཡོངས་རྫོགས་སྟངས་འཛིན་བྱེད་ཀྱི་ཡོད། དུས་མཚུངས་སུ་ཏང་གི་སྲིད་ཇུས་ཁྱབ་བསྒྲགས་རྒྱ་ཆེ་སྤེལ་ཏེ། ཏང་གི་སྲིད་ཇུས་ཀྱིས་ནང་པའི་བཀའ་བསྟན་འགྱུར་གྱི་ཚབ་བྱེད་ཐབས་དང་། དབེན་ཞིང་ཁྱད་དུ་འཕགས་པའི་དགོན་པ་དེ་དག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་དང་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་ཞིག་ཏུ་བསྒྱུར། དེ་ཡང་བོད་རང་སྐྱོང་ལྗོངས་ཁོ་ནའི་ནང་བཤད་ན་དགོན་སྡེ་ ༡༧༠༠ ཡོད་པ་དང་། དགོན་པའི་བཅའ་སྡོད་ལས་བྱེད་ཀྱང་ ༧༠༠༠ ལྷག་ལ་སླེབས་ཡོད། བཀའ་བརྒྱུད་ཀྱི་དགོན་པ་ཁག་གཅིག་ནང་ལྕུང་ཀའི་ཚང་ལ་ཕོ་རོག་འཛུལ་བ་ལྟར་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ནི་དགོན་པའི་དགེ་འདུན་པ་ལས་ཀྱང་མང་བ་ཆགས་ཡོད་པ་མ་ཟད། ལས་བྱེད་པས་དགོན་པའི་ལས་དོན་ཁྱོན་ཡོངས་ལ་ཐེ་གཏོགས་བྱས། ཐ་ན་དགོན་པ་ཁག་གཅིག་ནང་དམག་མི་དང་། ཉེན་རྟོག་པ། གཞན་བཅའ་སྡོད་ལས་བྱེད་ཚོའི་གཉའ་གནོན་འོག་དགོན་པ་རྦད་དེ་སྒོ་བརྒྱབ་ཡོད། དཔེར་ན། འབྲི་རུ་རྫོང་གི་ལྟར་མོས་དགོན་པ་དང་། རབ་བརྟན་དགོན་པ་སོགས། “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ”ཡིག་རྒྱུགས་མ་འཕྲོད་ཚེ་གྲྭ་བཙུན་རྣམས་ཕྱིར་འབུད་གཏོང་བ་དང་། དེ་རྗེས་གྲྭ་ཤག་ཀྱང་གཏོར་བཤིག་གཏོང་གི་ཡོད་པ་རེད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་བོད་ཀྱི་བླ་ཆེན་དབུ་ཁྲིད་གཉིས་པ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་དྲུག་ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༣ ལྷག་སོང་ཡང་། ད་དུང་གསལ་ཆ་མེད་པའི་ངང་གནས་མུས་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནི་འཛམ་གླིང་ཐོག་བཙན་གཤེད་ངང་གར་སོང་ཆ་མེད་དུ་གྱུར་བའི་གྱོད་གཞིའི་ཁྲོད་ལོ་ན་ཆུང་ཤོས་དང་། མཚན་གནས་མཐོ་ཤོས། གར་སོང་ཆ་མེད་དུ་གྱུར་བའི་དུས་ཡུན་རིང་ཤོས་དེ་ཆགས་ཡོད། བྱིས་པ་ལོ་དྲུག་ཅན་ཞིག་ལ་ནག་ཉེས་གང་ཡོད་དམ། བྱམས་སྙིང་རྗེ་དང་ལྡན་པ། སེམས་ཅན་བདེ་བར་འགོད་མཁན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་ནག་ཉེས་གང་ཡོད་དམ། རྒྱ་གཞུང་གིས་འཛེམ་ཟོན་གང་ཡང་མི་བྱེད་པར་འོན་ལྐུགས་ཡིན་ཁུལ་བྱས་ནས་པཎ་ཆེན་རིན་པོ་ཆེ་མི་ལོ་ ༢༠ ལྷག་ལ་བཙོན་འཇུག་བྱས། ད་ཆ་དེར་ལུགས་མཐུན་གྱི་འགྲེལ་བཤད་ཅིག་དགོས་པའི་དུས་ལ་བབ་ཡོད།
རྒྱ་ནག་གཞུང་གིས་ད་དུང་འཛེམ་ཟོན་གཏན་ནས་མེད་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ངོ་མ་དགེ་འདུན་ཆོས་ཀྱི་ཉི་མ་རྩིས་མེད་དུ་བཏང་སྟེ། དབང་ཤེད་བསྙོན་ཧམ་ངང་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་ཆོ་ག་དང་སྲོལ་རྒྱུན་རིག་གནས་དང་རྒྱབ་འགལ། བོད་མི་དམངས་ཀྱི་སེམས་ཚོར་ལ་སྣང་མེད། མི་བདེན་རྫུན་སྒྲིག་དང་། ལེགས་ཚབ་ངན་འཇུག རང་འདོད་མཐའ་སྐྱེལ་ངང་ཆབ་སྲིད་ཀྱི་པཎ་ཆེན་རྫུན་མ་ཞིག་བསྐོ་གཞག་བྱས་པས་མ་ཚད། གང་ཐུབ་ཅི་ཐུབ་ཀྱིས་བོད་ཁུལ་དུ་པཎ་ཆེན་རྫུན་མར་ཐུམ་སྒྲིལ་ཏེ་འགྲེམ་ཚོང་བྱེད་ཅིང་། བཙན་དབང་ཐོག་བོད་རྒྱ་ཆེའི་མི་དམངས་རྣམས་ལ་ཆ་རྐྱེན་གང་ཡང་མེད་པའི་འོག་པཎ་ཆེན་རྫུན་མར་དད་པ་བྱེད་འཇུག་པ་དང་། དུས་མཚུངས་སུ་པཎ་ཆེན་རྫུན་མར་ཡང་རྩེད་མོ་རེ་བརྩེས་ཏེ་ཆུ་ངན་ལམ་ཞུགས་སུ་སོང་བའི་སྤྲུལ་སྐུ་རྫུན་མ་ཚོར་སྐྱོན་བརྗོད་བྱེད་དུ་བཅུག དེ་ནི་རྐུན་མས་རྐུན་མ་བཟུང་ཟེར་བ་ལྟར། མི་གསོན་པོ་ལག་ཆ་ལྟར་རང་སྣང་གང་ཤར་གྱིས་བེད་སྤྱོད་བྱས། དེ་འདྲའི་མདོ་ཟུངས་མེད་པའི་བྱེད་སྟངས་དེ་དག་གིས་པཎ་ཆེན་རྫུན་མ་ཡང་ངོ་ཚ་ཁ་སྐྱེངས་པོ་བཟོས་པ་མ་ཟད། བོད་མི་ཡོངས་ཀྱང་ངུ་མ་ཤེས་དགོད་མ་ཤེས་པ་ཞིག་ཆགས་ཡོད།
རྒྱ་དམར་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ལོ་བཅུ་ཕྲག་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཚད་ལས་འདས་པའི་མཚན་སྨད་ཞུས་པ་དང་། “ཏཱ་ལའི་བླ་མ་ནི་ཆོས་གོས་གྱོན་པའི་སྤྱང་ཀི་དང་། མི་གདོང་སྤྱང་སེམས་ཀྱི་གདོན་འདྲེ་་་་་་”ཟེར་བ་སོགས་ཆེས་ཐ་ཤལ་གྱི་ཚིག་བརྗོད་བེད་སྤྱད་ནས་སྐྱོན་བརྗོད་བྱས་ ཡོད། མཇུག་འབྲས་ནི་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ། མཐར་གཏུགས་ན་སོ་སོའི་ངོ་གདོང་ངོ་མར་དེ་ཕྱིར་བཏོན་བྱས། རྒྱ་དམར་གཞུང་གིས་རང་ཉིད་ཀྱིས་༸གོང་ས་ཏཱ་ལའི་བླ་མར་སྐུར་འདེབས་བྱས་པ་མ་ཟད། བོད་ནང་གི་དགོན་སྡེ་གཙོས་བོད་མི་སྐྱ་སེར་རྣམས་ལ་ཡོངས་གྲགས་ཐོག་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཙན་ཤེད་ངང་སྐུར་འདེབས་བྱེད་བཅུག་གི་ཡོད། ཐ་ན་བཙུན་མ་ཚོར་གོང་ས་མཆོག་གི་སྐུ་པར་ལ་རྡོག་བརྫིས་གཏོང་བཅུག་པ་དང་། ཏཱ་ལའི་བླ་མར་དད་པ་མི་བྱེད་པའི་མནའ་གན་དམ་བཅའ་བཞག་བཅུག་པ། བོད་མིའི་ཁྱིམ་ཚང་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་འགོག་དང་། དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ། ཏེང་། ཅང་། ཧུའུ། ཞིས་བཅས་ཀྱི་འདྲ་པར་འགེལ་བཅུག་གི་ཡོད། གལ་སྲིད་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཡོད་པ་ཤེས་རྟོག་བྱུང་ཚེ། ཁྲིམས་ཆད་གཅོད་རྒྱུ་ཡིན་པ་ནི་ལྡོག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།
སྲིད་གཞུང་ནས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》ཟེར་བ་གཏན་འབེབས་དང་། གོ་སྐབས་འདི་དང་བསྟུན་ཏང་སྲིད་ཁག་གི་དཔོན་རིགས་ཚོས་གོང་ཚད་མཐོ་པོ་བླངས་ཏེ་སྤྲུལ་སྐུ་རྫུན་མ་འབོར་ཆེན་བཟོས་པས། རྫུན་མས་ངོ་མ་དཀྲུག་པའི་གནས་སུ་སླེབས་ཡོད། དུས་མཚུངས་སུ་ས་ཁུལ་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་ཤུགས་རྐྱེན་ཡོད་པའི་སྤྲུལ་སྐུ་ངོ་མ་རྣམས་སྒོ་ཁ་ནས་བཀག་སྟེ་ནང་དུ་འཛུལ་མི་ཆོག་པ་དང་། ཡང་ན་ཁོང་རྣམ་པ་སྔ་ས་ནས“སྐུ་མྱ་ངན་ལས་འདས”བཅུག་གི་ཡོད་པ་རེད། དོན་དངོས་ཐོག་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་དེ་རྩ་མེད་བཟོ་ཐབས་དང་། བོད་མི་གྲྭ་བཙུན་བྱེད་པར་ཚད་བཀག དེ་བཞིན་དགོན་པ་དང་ཆོས་ལུགས་ཀྱི་བྱ་བ་སྤེལ་ས་ཁག་ཚོང་རྭ་ཅན་དུ་གྱུར་ནས་འཇིག་རྟེན་པའི་བྱ་བ་ཕྱོགས་སུ་ཁ་སྒྱུར་བ་དེ་དག་བོད་བརྒྱུད་ནང་བསྟན་ཡོངས་སུ་རྩ་མེད་དུ་གཏོང་ཆེད་ཡིན།
མིག་སྔར་འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་ནང་པའི་ལྟེ་གནས་སེར་རྟ་བླ་རུང་ནང་བསྟན་སློབ་གླིང་སྔ་རྗེས་སུ་གཞི་རྒྱ་ཆེན་པོའི་གཏོར་བཤིག་ཐེངས་བཞི་བཏང་། དེ་ཡང་ ༢༠༠༡ ལོའི་ཕྱི་ཟླ་ ༦ ནང་གྲྭ་ཤག་ཁྱོན་གྲངས་ ༢༢༠༠ བཤིག་པ་དང་། ༢༠༠༢ ལོའི་ཕྱི་ཟླ་ ༤ ནང་གྲྭ་ཤག་ ༢༠ ལྷག་བཤིག ༢༠༡༦ ལོའི་ཕྱི་ཟླ་ ༧ ནང་ཁྱོན་གྲྭ་ཤག་ ༤༧༢༥ གཏོར་བཤིག་བཏང་། ༢༠༡༧ ལོའི་ཟླ་ ༤ ནང་གྲྭ་ཤག་ ༣༢༢༥ རྩ་གཏོར་བཏང་ཡོད་པ་རེད། གྲྭ་ཤག་གཏོར་བཤིག་བཏང་བ་དང་དུས་མཉམ་དུ་གྲྭ་བཙུན་སྟོང་ཕྲག་མང་པོ་ཡང་མཉམ་དུ་སློབ་གླིང་ནས་ཕྱིར་འབུད་གཏོང་གི་ཡོད། སྲིད་གཞུང་ནས་སློབ་གླིང་གི་མི་གྲངས་ ༥༠༠༠ ལས་ཉུང་བའི་ཚད་བཀག་བཟོས་པ་དེས་སློབ་གླིང་གི་གྲྭ་བཙུན་བརྒྱ་ཆ་བདུན་ཅུ་ཕྱིར་ཐོན་དགོས་པ་གསལ་པོ་མཚོན་ཐུབ། ཕྱིར་འབུད་བཏང་བའི་བཙུན་མ་ཚོ་ཕྱོགས་གཅིག་ཏུ་བསྡུས་ནས་བཙན་ཤེད་ཀྱིས་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ། བཙུན་མ་དེ་ཚོར་དམག་ཆས་གཡོག་སྟེ་བཙན་དབང་གིས་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་ལེན་བཅུག་པ་མ་ཟད། གཞན་ཡང་སྡིངས་ཆའི་སྟེང་གྲྭ་ཆས་གྱོན་ཏེ་ངག་ནས་གླུ་ལེན་གར་འཁྲབ་བྱེད་བཅུག་གི་ཡོད་པ་སོགས། བོད་བརྒྱུད་ནང་བསྟན་ལ་འཚེ་བའི་བྱ་སྤྱོད་སྤེལ་བཞིན་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་སྲུང་བྱས་པ་ཡིན་ནམ།
རྒྱ་དམར་གཞུང་གིས་གོང་གསལ་ཆོས་ལུགས་ཆེ་ཁག་གསུམ་ལ་གནོད་སྐྱོན་གཏོང་བ་ཕུད། ཆོས་འཁོར་སྒོམ་སྒྲུབ་པ་ཚོར་ཡང་དེ་ལྟར་སྔར་བྱུང་མྱོང་མེད་པའི་གནོད་སྐྱོན་གཏོང་གི་ཡོད། ཤེས་རྟོག་ལྟར་ན། ༡༩༩༩ ལོའི་ཟླ་ ༦ ཚེས་ ༧ ཉིན། རྒྱ་ནག་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཆོས་འཁོར་སྒོམ་སྒྲུབ་ཀྱི་གནད་དོན་ཐོག་སྟངས་འཛིན་དང་ཐག་གཅོད་དམ་འཛིན་བྱེད་ཕྱོགས་སྐོར་ཅང་ཙེ་མིན་གྱིས་གཏམ་བཤད་ནང་། ཆོས་འཁོར་སྒོམ་སྒྲུབ་ཅེས་ཆོས་ལུགས་འདི་བྱུང་བ་དང་དེ་མགྱོགས་མྱུར་ངང་འཕེལ་རྒྱུས་སུ་སོང་བ་དེ“རྒྱལ་ཁབ་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས་ཀྱིས་རང་རེའི་ཏང་དང་མཉམ་དུ་མི་དམངས་འཕྲོག་རེས་དང་། གཡུལ་ས་འཕྲོག་རེས་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་རེད”ཅེས་བཤད། ཅང་ཙེ་མིན་གྱི་གསང་བའི་བཀའ་རྒྱ་ཨང་ “༦༡༠” ནང་ཆོས་འཁོར་སྒོམ་སྒྲུབ་ཚོར“མིང་ཐོག་དྲི་ངན་བྲོ་བ་བཟོ་བ་དང་། དཔལ་འབྱོར་ཐོག་ཕམ་པར་བྱེད་པ། ལུས་ཁམས་ཐོག་རྩ་མེད་བཟོ་དགོས”ཞེས་བཤད་ཡོད་པ་དང་། ཆོས་འཁོར་སྒོམ་སྒྲུབ་མཚམས་འཇོག་མི་བྱེད་མཁན་ཚོ“བསད་པའི་རྗེས་རང་ཤི་བརྒྱབ་པར་རྩི་ཆོག” “བསད་ན་སྡུག་གྱོང་རེད།” “སྐྱེ་ཡུལ་རྩད་གཅོད་མི་དགོས་པར་ཐད་ཀར་ཕུང་པོ་མེར་སྲེག་གཏོང་ཆོག”ཅེས་ལམ་སྟོན་བྱས་འདུག
དེ་འདྲའི་མནར་གཅོད་འོག་མི་གྲངས་སུམ་སྟོང་ལྷག་རྐྱེན་ལམ་དུ་ཤོར་པ་དང་། མཁེ་ཚོང་གི་ཆེད་གསོན་པོའི་ལུས་སྟེང་ནས་ནང་ཁྲོལ་དབང་བོ་བཀོག་ནས་ཤི་བ་གྲངས་ལས་འདས་པ་ཡོད་ལ། མིག་སྔར་འདིའི་སྐོར་གྲངས་འབོར་ཕྱོགས་སྡོམ་ཞིག་བྱ་ཐབས་མེད། དེ་བཞིན་ཁྲིམས་འགལ་གྱིས་ཉེས་ཆད་བཏང་བ་དང་། ངལ་རྩོལ་སྒྱུར་བཀོད། རྣམ་པ་འདྲ་མིན་ཐོག་བསམ་བློའི་སློབ་གསོ་བྱ་ཡུལ་ནང་བཅུག་པ་སོགས་ས་ཡ་མང་པོ་ཡོད། དབང་པོ་སྐྱོན་ཤོར་གྱིས་འདས་གྲོངས་སུ་སོང་བ་དང་། སྨྱོ་ནད་སྨན་ཁང་ངམ་བཙོན་ཁང་ནང་བཀག་ཉར། ཁྲིམས་གཅོད་རྣམ་པ་འདྲ་མིན་བརྒྱ་ཕྲག་འོག་གི་སྡུག་སྦྱོང་མྱོང་མཁན་གྲངས་ལས་འདས། རྒྱ་ནག་གཞུང་གི་ནང་ཁུལ་ཏང་སྲིད་རིམ་པ་ཁག་གི་མ་ལག་ཕལ་ཆེ་བ་ཆོས་འཁོར་སྒོམ་སྒྲུབ་ལ་ཁྲིམས་འགལ་དྲག་གནོན་བྱེད་པའི་ལས་འགུལ་ནང་ཞུགས་ཡོད། ཅང་ཙེ་མིན་ནི་ཆོས་འཁོར་སྒོམ་སྒྲུབ་ལ་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་ཉེས་ཅན་གཏེ་པོ་དེ་རེད། དེ་བཞིན་ཆོས་ལུགས་ཆུང་གྲས་གསར་དར་བ་དེ་དག་ལ“ལོག་ཆོས”ཀྱི་མིང་ཐོག་ནས་རྩ་མེད་དུ་གཏོང་བཞིན་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་སྲུང་བྱས་པ་ཡིན་ནམ།
རྒྱ་གཞུང་གིས་རྒྱུ་མཚན་གང་ལ་བརྟེན་ནས་ནང་ཁུལ་གྱི་ཆོས་ལུགས་ཆེ་ཁག་ལ་འདི་ལྟར་གནོད་འཚེ་གཏོང་གི་ཡོད་དམ།
རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་ལུགས་ལ་གནོད་འཚེ་བཏང་དོན་གཙོ་བོ་ནི། ནུབ་ཕྱོགས་སྟོབས་ཤུགས་ཀྱིས་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་ཁྱབ་གདལ་གྱིས་ཆོས་ལུགས་སིམ་འཛུལ་དང་། བསམ་བློ་འདུ་ཤེས་ཐོག་ཁ་གཏད་དུ་ལངས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཡེ་ཤུ་ཆོས་ལུགས་ཀྱིས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་སྒྱུར་ནས་རྒྱ་ནག་མཚུངས་བསྒྱུར་བྱེད་ཡོང་སྙམ་པའི་སེམས་ཁྲལ་དང་། ཆོས་ལུགས་དེས་ཀྲུང་གོར་སྟངས་འཛིན་བྱེད་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡེ་ཤུ་ཆོས་ལུགས་ནི་ཆོས་ལུགས་ཀྱི་ཐོག་ནས་མི་སེར་སྤེལ་བ་དང་། ནུབ་ཕྱོགས་པའི་རིག་གཞུང་གིས་བཙན་འཛུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལས་སེམས་ཁྲལ་ཆེ་པའི་གནད་དོན་ཞིག་ནི། རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་ཀྱིས་རྒྱ་ནག་གི་རིག་གཞུང་གིས་རང་ཉིད་མཚུངས་བསྒྱུར་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་ཀྱི་ཡོད་ཚུལ་དང་། ཆབ་སྲིད་ལ་སྤྲོ་སྣང་ཆེན་པོ་ཡོད་པའི་རྣམ་པ་ཕྱིར་མངོན་པ། སྤྱི་ཡོངས་ཐོག་ད་དུང་སྲིད་གཞུང་དང་འགྲན་རྩོད་བྱེད་མཁན་གྱི་ཕྱོགས་སུ་ལངས་འདུག་བསམ་པ་དང་། ད་དངུ་ཡེ་ཤུ་ཆོས་ལུགས་ནི་རྒྱ་ནག་ནང་ཆེས་མགྱོགས་ལ་ཧ་ལས་དགོས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཡེ་ཤུ་ཆོས་ལུགས་ལ་དྲག་གནོན་བྱེད་པ་ནི། ཡེ་ཤུ་ཆོས་ལུགས་པ་ཚོས་རྒྱལ་ཁབ་ཀྱི་སྲིད་དབང་ལ་ཐེ་གཏོགས་བྱེད་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད་པ་དེ་རེད།
དབྱི་སི་ལན་ཆོས་ལུགས་ཐད། ཉེ་བའི་ལོ་ཤས་རིང་འཛམ་གླིང་ཐོག་དབྱི་སི་ལན་ཆོས་ལུགས་མཐར་ལྷུང་རིང་ལུགས་ཀྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་དང་། ལོ་འགའི་སྔོན་དུ་ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་དབྱི་སི་ལན་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་མང་དུ་སོང་བ། དེ་བཞིན་རྒྱ་ནག་ནང་དབྱི་སི་ལན་ཆོས་ལུགས་ཨ་རབ་ཅན་དུ་གྱུར་བ་དང་། མཐར་ལྷུང་རིང་ལུགས་སྟོབས་ཤུགས་ཀྱི་མགོ་བོ་ཡར་འདེགས་པ་སོགས་ལ་བརྟེན། རྒྱ་ནག་གཞུང་གི་དབྱི་སི་ལན་ཆོས་ལུགས་ལ་ལྟ་ཚུལ་སྡུག་ཏུ་སོང་། ཐ་ན་འཇིགས་སྣང་ཡང་ཡོང་གི་ཡོད་པ་རེད། ལྷག་པར་དུ་ས་ཁམས་ཆགས་སྟངས་ཀྱི་ཆ་ནས་ཤར་ཏུར་ཀི་སི་ཐན་དང་། མཐར་ལྷུང་རིང་ལུགས་ཀྱི་ལས་འགུལ་འཁྲུག་ཆ་ཆེ་ས་ཨབ་གྷ་ནེ་སི་ཐན་དབར་ས་འབྲེལ་ཁྱིམ་མཚེས་ཡིན་ཞིང་། དེ་འདྲའི་དམིགས་བསལ་ས་ཁམས་ཆགས་སྟངས་དང་། དེའི་སྟེང་མཐུན་མོང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་བཅས་ནི་རྒྱ་ནག་གཞུང་གིས་འགྱུར་བ་གཏོང་ཐབས་བྲལ་ནའང་། དེར་གདོང་ལེན་མི་བྱེད་ཀ་མེད་ཆགས་ཡོད། ༢༠༠༡ ལོ་ནས་བཟུང་། ཨ་རིར “༩․༡༡” དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་པ་དེ་འཛམ་གླིང་སྤྱི་ཡོངས་ཀྱིས“འཇིགས་རྒོལ་དམག་འཁྲུག”གི་ཁོངས་སུ་བཅུག དེས་འཛམ་གླིང་མི་དམངས་ཀྱི་མདུན་དུ་ཡུ་གུར་མི་རིགས་དབྱི་སི་ལན་རྗེས་འབྲང་པ་ཚོར་དྲག་གནོན་བྱེད་པའི་རྒྱུ་མཚན་ལུགས་མཐུན་ཅན་དུ་བཟོས་པ་ཞིག་རེད། དེར་བརྟེན་རྒྱ་ནག་གཞུང་གིས་ཤར་ཏུ་ཀི་སི་ཐན་ཡུ་གུར་མི་རིགས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོར་རྡུང་རྡེག་བྱེད་པ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་མི་ཡོང་ངམ་སྙམ་ནས་སེམས་འཚབ་ཡོད་པ་དེ་རེད།
ནང་བསྟན། སྐབས་འདིར་རྗོད་བཞིན་པ་ནི་བོད་བརྒྱུད་ནང་བསྟན་ཡིན་ལ། ཆོས་ལུགས་དེ་དང་རིན་པོ་ཆེ་ནི་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་གྱི་རིམ་པ་དང་དབུ་འཁྲིད་ཀྱི་རིམ་པ་ཡིན། བོད་ཀྱི་བསམ་བློའི་བཀོད་པ་པོ་ཞིག་ཀྱང་ཡིན་པས། བོད་བརྒྱུད་ནང་བསྟན་ནི་བོད་མི་རིགས་ཀྱི་ངོས་ནས་བརྗོད་ན། མི་རིགས་ཀྱི་གོང་བུ་གཅིག་ཏུ་འགྲིལ་ཆེད་ཀྱི་གཙོ་བོའི་འབྲེལ་ཐག་ཡིན་ཅིང་། ལྷག་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གཙོ་བྱས་པའི་བོད་ཀྱི་བླ་ཆེན་རྣམ་པས་ཕྱི་ཕྱོགས་སུ་བཙན་བྱོལ་བོད་མི་རྣམས་ཀྱི་དབུ་འཁྲིད་གནང་སྟེ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཆ་ཚང་བ་རྗེས་འཛིན་ཐུབ་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་དེ་བཞིན་འཛམ་གླིང་ཐོག་ཁྱབ་སྤེལ་གནང་ཐུབ་ཡོད། མིའི་རིགས་ཀྱི་དཔལ་ཡོན་སྤེལ་རེས་དང་། ཞི་བདེ་མཉམ་གནས་ཀྱི་བྱ་གཞག་ཐོག་སྔར་བྱུང་མ་མྱོང་པའི་བྱས་རྗེས་བཞག་ཡོད། དུས་མཚུངས་སུ་བོད་ས་མཐོ་སྒང་ནས་སྒོ་ཐེལ་བརྒྱབ་སྟེ་སྡོད་མཁན་བོད་མི་རིགས་རྣམས་ཕྱིའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་གོམ་པ་སྤོ་ཐུབ་པ་བྱུང་བ་དང་། དེས་ཀྱང་མི་རབས་གསར་པའི་མི་རིགས་ཀྱི་འདུ་ཤེས་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པས། མི་རིགས་ངོས་ལེན་གྱི་ལྟ་བ་དང་ནང་ཁུལ་མཐུན་སྒྲིལ་གྱི་སྟོབས་ཤུགས་སྔར་ལས་གོང་འཕེལ་འགྲོ་བཞིན་ཡོད། ཡིན་ན་ཡང་། དེ་དག་ཚང་མ་རྒྱ་ནག་གཞུང་ལ་མཚོན་ན་སྙིང་ལ་ཟུག་པའི་ན་ཚ་ཞིག་ཏུ་གྱུར་ཡོད་སྟབས། དེའི་ཐོག་ནས་མཐོང་ཐུབ་པ་ཞིག་ནི། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་བྱེད་པ་ནི། ཁོང་ཚོས་རྒྱལ་ཁབ་གཅིག་གྱུར་ལ་གནོད་འཚེ་བཏང་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡོད་པ་དེ་རེད།
མཇུག་སྡོམ།
རྩོམ་པ་པོའི་བསམ་པར་ཐེངས་འདིར་རྒྱ་ནག་གཞུང་གིས་བཏོན་པའི《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་གཙོ་བོ་རྒྱ་ནག་ནང་ཉིན་རེའི་བཞིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་སོང་བའི་ཡེ་ཤུ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཙོ་བྱས་པའི་ཆོས་ལུགས་ཆེ་ཁག་ལ་དམིགས་པ་ཞིག་ཡིན་པ་དང་། ཆོས་ལུགས་དེ་དག་རང་ཡུལ་ཅན་དང་། ཀྲུང་གོ་ཅན་དུ་བསྒྱུར་བ། ཆོས་ལུགས་དེ་དག་གསོན་གནས་དང་འཕེལ་རྒྱས་སུ་འགྲོ་བ་ལ་ངེས་པར་དུ་སྤྱི་ཚོགས་རིང་ལུགས་དང་མཐུན་པ་དགོས་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཐུབ་པ་བཟོ་ཆེད་རེད། འོན་ཀྱང་། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་། བསྟན་དོན་ནི་ལེགས་པ་ཀུན་འཛོམས་ཀྱི་ཡེ་ཤེས་དང་བླ་མེད་མཆོག་གྱུར་གྱི་སྤྱོད་བཟང་བཅས་གཅིག་ཏུ་ལེགས་པར་བསྒྲིལ་པ་ཞིག་ཡིན་ངེས། དེར་བརྟེན་ཆོས་ལུགས་ཀྱིས་རྒྱ་ནག་གི་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་ཤུགས་རྐྱེན་མང་པོ་འཇོག་ཐུབ་ཡོད་ལ། ཆོས་ལུགས་དད་ལྡན་བའི་གྲུབ་ཆ་ལ་མི་རིགས་སྣ་མང་དང་། གྲལ་རིམ་སྣ་མང་། ལས་རིགས་སྣ་མང་། ས་ཁུལ་སྣ་མང་། ད་དུང་སྤྱི་ཚོགས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ། སྣ་མང་རང་བཞིན་མངོན་གསལ་དོད་པོ། ཁོང་ཡངས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། དམིགས་བསལ་གྱི་སྤྱི་ཚོགས་གོ་གནས་ལྡན་ཞིང་མང་ཚོགས་ཀྱི་ཤུགས་རྐྱེན་ཡོད་པ་བཅས་རེད། ཆོས་ལུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་དེད་དང་། མི་སེམས་དགེ་ཕྱོགས་ལ་སྐུལ་དེད། རིག་གཞུང་སྤེལ་རེས་ལ་སྐུལ་དེད། སྤྱི་ཕན་དགེ་སྒྲུབ་ལ་སྐུལ་དེད་བཅས་བྱེད་ཐུབ་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
མིག་སྔར་རྒྱ་ནག་ནི་དངོས་པོའི་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་མོད། འོན་ཀྱང་རྒྱ་ནག་མི་དམངས་ཀྱིས་བདེ་སྐྱིད་ཐོབ་འདོད་བྱེད་པ་དེ་དངོས་པོ་ཁོ་ནའི་ཐོག་ཐོབ་ཐུབ་པའི་ངེས་པ་མེད་པས། མི་མང་པོ་ཞིག་གིས་བདེ་སྐྱིད་དངོས་དེ་ངེས་པར་དུ་བསམ་བློའི་ཐོག་ནས་འཚོལ་དགོས་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་དཔྱོད་ལྡན་པ་དང་ཤེས་ཡོན་ཅན་གང་མང་གིས་དངོས་བོའི་འཕེལ་རྒྱས་ཡ་མ་གཟུགས་སུ་འགྲོ་བ་དེར་སུན་སྣང་སྐྱེ་བ་དང་། དེ་ལས་ལྡོག་སྟེ་ཆོས་ལུགས་ཐད་ཉིན་རེ་བཞིན་མཐོང་ཆེན་བྱེད་ཀྱི་ཡོད། དེ་འདྲའི་སྐབས་སུ་རྒྱ་ནག་གཞུང་གིས་སྡུག་རྩུབ་ཆེ་བའི་སྒོ་ནས་དད་ལྡན་པ་དུང་ཕྱུར་མང་པོ་རང་ཉིད་ཀྱི་ཁ་གཏད་དུ་ལངས་བཅུག་པ་དེ་དངོས་གནས་འཇིགས་སུ་རུང་བ་ཞིག་དང་། དེ་བས་ཡིད་སྐྱོ་དགོས་པ་ཞིག་རེད། ང་ཚོས་གསལ་པོར་མཐོང་ཐུབ་པ་ཞིག་ནི། ཆོས་ལུགས་དང་མི་རིགས་ཀྱི་གནད་དོན་ཐད་རྒྱ་ནག་གི་ཁྲིམས་ལུགས་དང་སྲིད་ཇུས། སྲིད་ཇུས་དང་ལག་བསྟར་བཅས་ཀྱི་ཐོག་ག་དུས་ཡིན་ཡང་ཕྱིན་ཅི་ལོག་པ་དང་། རང་འདོད་རང་སྒྲུབ། རྟ་མགོ་རང་གྱེར་བྱེད་ཀྱི་ཡོད་པས། སྤྱི་ཚོགས་ཁྲོད་རྣོ་ངར་ཅན་གྱི་ཆོས་ལུགས་དང་མི་རིགས་ཀྱི་གནད་དོན་འདི་ལྷགས་པ་རེད། དེ་འདྲའི་ཉེན་ཁའི་སྐབས་སུ་རྒྱ་ནག་སྲིད་གཞུང་གིས་ད་དུང་རང་སྐྱོན་རང་སེལ་དང་། ཆོས་ལུགས་ཀྱི་གནས་བབ་རྒྱ་ནག་གི་སྤྱི་ཚོགས་ཐོག་ལེགས་བཅོས་བྱེད་རྒྱུ་ཕར་བཞག དེ་ལས་ལྡོག་སྟེ་《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་དེ་འདྲ་ཞིག་བཏོན་པ་ནི། ཡིན་མིན་གོ་ལྡོག་དང་། ཤྭ་བར་མཛུབ་གུ་བཙུགས་ནས་རྟ་རེད་ཟེར་བ་དང་ཀུན་ནས་མཚུངས་ཤིང་། རྒྱ་ནག་གཞུང་གི་བྱ་སྤྱོད་འདི་ནི་དུག་ཆང་བཏུངས་ནས་སྐོམ་པ་སེལ་ལྟར་དང། རང་གཞན་གཉིས་ཀར་མགོ་སྐོར་གཏོང་བ་ཞིག་མ་རེད་དམ།
རྒྱ་ཡིག་ཚན་པའི་ཤར་ཙོང་བསྟན་འཛིན་བདེ་ལྡན་གྱིས་བརྩམས།
བསོད་ནམས་རྡོ་རྗེས་བོད་བསྒྱུར་བྱས།
༢༠༡༨ ལོའི་ཟླ་ ༤ ཚེས་ ༡༩ ཉིན།