༢༠༡༨ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་འཐབ་རྩོད་ནི་འབུ་ཆེས་ཆུང་ཟོས་ཀྱི་དཔེ་ལྟར་རྒྱ་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་པར་བརྟེན་༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་རྒྱ་གར་གཙོ་བོར་གྱུར་བའི་བལ་ཡུལ་དང་འབྲུག་ཡུལ་ནང་མ་འདོད་བཞིན་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། ད་ཆ་རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས་བཙན་བྱོལ་བོད་མི་རྣམས་ལ་སྐབས་བབ་རང་མི་རིགས་ལ་འཁྲི་པའི་ལས་འགན་གཙོ་བོ་དེ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱེད་པ་བརྒྱུད་ནམ་ཞིག་བོད་དོན་བདེན་མཐའ་གསལ་མཚམས་བོད་ནང་སླར་གསོ་བྱ་རྒྱུ་རེད།
ལྔ་དང་ལྔ་བཅུའི་འཆར་སྣང་།
ལས་འགན་དེ་བསྒྲུབ་ཆེད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལས་ཡུན་ལོ་ལྔའི་ནང་འབད་བརྩོན་གང་ཐུབ་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་མ་ཟད། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བའི་གནས་སྟངས་འོག་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པའི་དུས་ཤིག་ཤར་ཚེ་དེར་གཞིགས་པའི་ད་ལྟ་ནས་གྲ་སྒྲིག་གི་ལས་འགུལ་ལ་འབད་དགོས་པ་བཀའ་ཤག་གིས་གལ་ཆེར་གཟིགས་བཞིན་ཡོད། དེར་བརྟེན་ལྔ་དང་ལྔ་བཅུའི་འཆར་སྣང་བཟོ་བཀོད་ཀྱི་ལས་གཞི་འདི་བྱུང་བ་ཞིག་ཡིན།
སྤྱིར་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐེངས་དང་པོ་དེ་ ༢༠༡༧ ཟླ་ ༡༠ ཚེས་ ༦།༧།༨ བཅས་ཉིན་གསུམ་རིང་རྡ་ས་གངས་སྐྱིད་ཉེ་འགྲམ་པེ་ཝི་ལེན་གསོལ་མགྲོན་ཁང་དུ་ཚོགས་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞོན་སྐྱེས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་དེ་ ༢༠༡༨ ཟླ་ ༨ ཚེས་ ༡༧།༡༨།༡༩།༢༠ བཅས་ཉིན་གྲངས་བཞིའི་རིང་ཚོགས། ཐེངས་འདིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་འོག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་ཐོག་ ༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ཚེས་ ༡༦ བར་ཉིན་གྲངས་བཞིའི་རིང་རྡ་སྟེང་མོག་ཤ་གསོལ་མགྲོན་ཁང་ Fortune Moksha དུ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་༢༢ ནས་མཁས་དབང་དང་མཐོ་སློབ་ཀྱི་རིགས་བདག སྨན་པ། ཆེད་ལས་པ། དཔེ་མཛོད་དོ་དམ་པ། ལོ་རྒྱུས་སྨྲ་བ། འཆར་འགོད་པ། སྒྱུ་རྩལ་བ། ཁྲིམས་རྩོད་པ་སོགས་ཁྱོན་མི་གྲངས་༢༥༠བརྒལ་བ་འདུ་འཛོམས་ཀྱིས་
༡ ༽བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས།
༢ ༽བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སྐོར།
༣ ༽བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས།
༤ ༽བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར། བཅས་བརྗོད་གཞི་ཁག་བཞིའི་ཐོག་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་ཡོད།
ལྔ་དང་ལྔ་བཅུའི་འཆར་སྣང་འོག་སྐད་ཡིག་སྲུང་སྐྱོབ་གླེང་བ།
སྤྱིར་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་དེ་དག་གཞི་རྩའི་དམིགས་ཡུལ་བོད་ལ་རང་དབང་མགྱོགས་ནས་མྱུར་དུ་ཐོབ་ཐབས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ཆགས་ཡོད།
འདིར་སྐབས་བབ་གླེང་བར་བྱ་བ་ནི་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་བ་དེའི་ཐོག་འདི་ག་རྩོམ་སྒྲིག་པས་མཐོང་ཚུལ་ཟུར་ཙམ་གླེང་རྒྱུ་ཡིན། དེ་ཡང་སྐད་ཡིག་ནི་མི་རིགས་ཀྱི་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་གཞི་མི་རིགས་སོ་སོའི་ལུས་ངག་གི་རྣམ་འགྱུར་ལས་གྲུབ་པའི་སྒྱུ་རྩལ་གྱི་རིག་གནས་གཙོ་བོ་ཞིག་ཆགས་ཡོད། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐད་ཡིག་སྲུང་སྐྱོབ་ཐད་འཕྲད་བཞིན་པའི་དཀའ་ངལ་གླེང་སྐབས་བརྡ་སྤྲོད་པའི་རྣམ་གཞག་ལ་བརྟེན་པའི་སྐད་ཡིག་ཇི་བཞིན་ངག་ནས་མ་བརྗོད་པར་སྐབས་རེ་ལུང་ཚན་སོ་སོའི་ཕལ་སྐད་ཀྱི་ཤུགས་རྐྱེན་དང་། སྐབས་རེ་རྒྱལ་ཁབ་གཞན་གྱི་སྐད་བསྲེས་ལྷད་སོགས་ལ་བརྟེན་ངག་ནས་གང་ཐོན་པའི་སྐད་དེ་ཡིག་ཐོག་ཏུ་དབབ་མི་ཐུབ་པའི་དཀའ་ངལ་འཕྲད་པ་དང་། སློབ་གྲྭའི་ནང་བོད་ཡིག་གི་བརྡ་སྤྲོད་རྣམ་གཞག་ལ་དོ་སྣང་ཆུང་རྐྱེན་རིམ་བཞིན་བོད་ཡིག་གི་དཔེ་དེབ་དང་སློབ་དེབ། སྒྲུང་དང་གཏམ་བརྗོད་སོགས་བཀླག་རྒྱུར་སྤྲོ་བ་མ་གཏད་པ་སོགས་ལ་བརྟེན་མཐར་གཞུང་ལུགས་ཀྱི་གོ་དོན་རྟོགས་དཀའ་བར་གྱུར་ནས་བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་རྒྱུན་འཛིན་ལྟ་ཞོག་བརྡ་སྤྲོད་རིག་གནས་ཀྱི་རྣམ་གཞག་ཀྱང་ཉམས་རྒུད་འགྲོ་རྒྱུ་དང་། ཕྱིའི་རིག་གཞུང་གི་ཤུགས་རྐྱེན་འོག་བོད་པ་རང་ཉིད་ཀྱི་སྐད་དང་བོད་ཡིག་གཙིགས་ཆེར་འཛིན་རྒྱུའི་འདུན་པ་དེ་རང་བཞིན་གྱིས་ཉམས་ནས་བོད་སྐད་དང་བོད་ཡིག་ཐོག་འབྲེལ་ལམ་བྱ་རྒྱུར་འདུན་པ་ཇེ་ཞན་དུ་གྱུར།
དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་རླབས་དེས་བོད་མིའི་བསམ་བློའི་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དེར་བརྟེན་བོད་མིའི་ཐུན་མིན་སྐད་ཡིག་སྲུང་སྐྱོབ་ལ་འཕྲད་བཞིན་པའི་དཀའ་ངལ་ནི་རླུང་ཚུབ་ཁྲོད་ཀྱི་མར་མེ་བཞིན་ཕྱི་ནང་གི་འགལ་རྐྱེན་དུ་མའི་ཁྲོད་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་ཐབས་རྒྱ་བྱུས་སྟོང་གིས་རྒྱུས་སྟོན་གནང་དགོས་པ་ཞུ་ག་ལ་དགོས། གལ་ཏེ་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་ཀྱི་ཐུན་མིན་རིག་གནས་དེ་དག་བོད་མི་དང་འབྲེལ་བ་མེད་པ་ཞིག་ཆགས་ཚེ། འགྲེམས་སྟོན་ཁང་གི་གནའ་རྫས་རྙིང་པ་སྲོག་མེད་བེམ་པོའི་ཕུང་གསོག་ཙམ་ཞིག་ཏུ་འགྱུར་རྒྱུ་ངེས་པ་མ་ཟད། རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་པའི་གདོད་མའི་མི་རིགས་ཀྱི་སྐད་ཡིག་ཡ་མ་ཟུང་ཞིག་རེད་འདུག་སྙམ་པ་གཞན་གྱིས་འཕྱ་སྨོད་བྱ་ཡུལ་ཞིག་ཏུའང་འགྱུར་སྲིད། དེ་ལྟར་བྱུང་ཚེ་འགྱོད་ཀྱང་ཕྱི་དྲག་སྟབས་ཆུ་མ་ཡོང་གོང་ནས་རགས་དང་རྐྱེན་མ་ཡོང་གོང་ནས་ཟློག་པའི་དཔེ་ལྟར་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་དབུ་ཁྲིད་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྐབས་བབ་མི་རིགས་ལ་འཁྲི་བའི་ཟློག་ཏུ་མེད་པའི་ལས་འགན་གཙོ་བོ་ཞིག་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་ལ་སྒོ་ཀུན་ནས་འབད་དགོས་པ་དེ་ཡིན།
ལྔ་དང་ལྔ་བཅུའི་སྐབས་སྐད་ཡིག་སྲུང་སྐྱོབ་ཐོག་བཏོན་པའི་བསམ་འཆར།
དེ་ཡང་ཚོགས་ཞུགས་པ་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ལྟར་ན།
“ང་ཚོར་རིག་གཞུང་གང་ཡོད་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཐོག་སྲོལ་རྒྱུན་གྱི་དགོན་སྡེ་དང་བཤད་གྲྭ་ཁག་གི་ནང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་དང་མང་ཚོགས་ནང་ང་ཚོའི་རིག་གཞུང་གི་ནང་དོན་དུ་གྱུར་བའི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་སློབ་གསོ་སྤྲོད་སྟངས། དེ་དང་འབྲེལ་བའི་ཐོག་ནས་ཤེས་ཡོན་ནང་བོད་པའི་རིག་གཞུང་དང་འབྲེལ་བའི་སློབ་གསོ་སྤྲོད་སྟངས། སྒྱུ་རྩལ་ལ་སོགས་པ་དེ་ཚོའི་ཐོག་ནས་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། ད་བར་གང་ཡོད་པ་དེ་དག་མི་ཉམས་པ་དང་བཟོ་ལས་སྒྱུ་རྩལ་གྱི་བརྒྱུད་པ་མི་ཉམས་པ་བྱེད་རྒྱུ། གལ་ཆེན་པོ་ཞིག་ལ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་སྐད་ཡིག་ཕྱུག་ཏུ་གཏོང་རྒྱུ། དེ་བཞིན་གང་ཡོད་པ་དེ་མི་ཉམས་རྒྱུན་འཛིན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ”ཞེས་གསུངས། ཕྱོགས་མཚུངས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ལྟར་ན། “ང་ཚོའི་སྤྱི་ཚོགས་ནང་དང་ཐོག་ཡིག་ཆ་ཕལ་ཆེ་བ་ཨིན་ཡིག་ནང་བྲིས། དེ་ནས་བོད་ཡིག་ནང་ཕབ་སྒྱུར་བྱ་རྒྱུའི་ན་ཚ་ཞིག་ཡོད། བོད་པའི་རིག་གཞུང་དངོས་གནས་ཉར་དགོས་ན། འབྲི་ཐུབ་མཁན་མེད་ནའང་མར་བཀའ་གནང་རྒྱུ་དེ་དག་བོད་སྐད་ཐོག་གསུང་ཐུབ་པར་བརྟེན་འབྲི་ཐུབ་མཁན་ཡག་པོ་ཞིག་ལ་འབྲི་བཅུག་ནས་བོད་པ་རང་གི་བསམ་བློའི་ཐོག་ནས་བཏང་ཡོད་ན་ངས་ནུས་པ་ཧ་ཅང་ཐོན་རྒྱུ་རེད་བསམ་བཞིན་འདུག
ད་ལྟ་འདིར་འགྲིག་མི་འདུག་རྩ་བ་ནས་བརྗོད་ཀྱི་མེད། ཡར་རྒྱས་ལ་མཐའ་མེད། རིག་གཞུང་དང་རིག་གནས་བརྗོད་སྐབས་ནང་བསམ་བློའི་ཁྱད་ཆོས་ལ་གཙོ་བོ་གོ་དགོས་པ་ལས་ཕྱིའི་རྣམ་འགྱུར་དེ་དག་གཙོ་བོ་མིན།” ཞེས་དང་། ཡང་མུ་མཐུད་གསུང་དོན། དེང་སང་གཞུང་སྒེར་མང་ཆེ་བས་ནང་ཁུལ་ཡིག་འབྲེལ་གནང་སྐབས་ཨིན་ཡིག་ཐོག་ནས་གནང་བཞིན་འདུག དེ་འདྲ་བྱས་ཚེ་རིག་གཞུང་ཇི་ལྟར་འཛིན་ཐུབ་བམ། བོད་མི་ནང་ཁུལ་ཡི་གེ་གཏོང་སྐབས་བོད་ཡིག་ནོར་བ་ཕྲན་བུ་བྱུང་མིན་ལ་མ་ལྟོས་པར་ངེས་པར་དུ་བོད་ཡིག་རང་གི་ཐོག་ནས་འབྲི་ཐུབ་ཚེ་རིམ་བཞིན་ཡར་རྒྱས་འགྲོ་ངེས་པ་རེད།” ཅེས་གསུངས། གཞན་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས། “བཙན་བྱོལ་ནང་གི་སློབ་གྲྭ་ཚང་མའི་སྔོན་འགྲོའམ་སློབ་ཆུང་འཛིན་གྲྭར་ཀློག་སློབ་སྟངས། དབྱངས་གསལ་གྱི་ཡི་གེ་རྣམས་རང་རང་གི་སྐྱེ་གནས་ནས་ཚུལ་ཇི་ལྟར་བྱུང་བ་ལྟར་སློབ་ཀྱིན་བསྡད་ན་དུས་ཚོད་འགོར་རྐྱེན་གྱིས་རྒྱུགས་སྤྲོད་ཀྱི་འགེགས་སུ་གྱུར་བར་བསམས་ནས་ཀ་ཁ་ངོ་ཤེས་ནས་ཀློག་དག་མིན་ལ་མ་ལྟོས་པར་མགོ་འདོགས་སྦྱར་ནས་བཀླག་ཏུ་བཅུག་པ་དང་། དེ་མ་སྦྱར་བར་སྔོན་རྗེས་སྦྱར་ནས་དང་། དེའང་མ་སྦྱར་པར་བསྡུས་ཀློག་བརྒྱག་ཏུ་བཅུག་པ་སོགས་རྐང་པ་དང་པོ་མ་ཚུགས་པར་གཉིས་པ་སྟེགས་པའི་ཕྱག་ལེན་བསྟར་བ་དེ་ནི་དངོས་ཡོད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ལག་ལེན་དངོས་རང་ཡིན་པ་མྱོང་གྲུབ་ཡིན།” ཞེས་དང་། ཡང་ཁོང་གིས་ “ བོད་ཡིག་ནི་འཛམ་གླིང་ནང་གི་སྔོན་འཐོན་གྱི་ཡི་གེའི་གྲས་ནས་སྦྱོར་ཀློག་ཕུལ་དུ་བྱུང་བ་ཡིན་པས་སློབ་མས་བོད་ཡིག་ཐོག་མར་སྦྱོང་སྐབས་སྦྱོར་ཀློག་ཚགས་ཚུད་དགོས་པ་སྨྲོས་མེད་ཡིན། བོད་ཡིག་གི་ཡི་གེ་སྦྱོར་ཀློག་སྐྱོན་བྲལ་ཡོང་བར་ཤུགས་རྒྱག་དགོས། “ ཞེས་སོགས་བསམ་འཆར་བཏོན་པ་དང་སྦྲགས། སྦྱོར་ཀློག་གི་དགེ་རྒན་འོས་སྦྱོང་གསར་འཛུགས་ཡོང་བའི་བསམ་འཆར་དེ་དག་ནི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་པའི་བསམ་འཆར་ཞིག་རེད། དེས་ན་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༦༠ནང་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེས་ཐོག་མ་གསར་འཛུགས་མཛད་ནས་སྐད་ཡིག་སྲུང་སྐྱོབ་འོག་སྐད་ཡིག་དེར་བརྟེན་པའི་རིག་པའི་གཞུང་ལུགས་དེ་དག་རྒྱལ་སྤྱིའི་གཅེས་ནོར་གྱི་གྲས་སུ་ཚུད་ཐུབ་པ་ནི་མེས་པོ་གོང་མ་ཚོའི་རླབས་ཆེན་གྱི་མཛད་བཟང་ཡིན་པ་དང་། བོད་མི་བཙན་བྱོལ་བ་རྣམས་ལ་དམག་དང་དྲག་པོའི་མཚོན་ཆ་སོགས་མེད་ཀྱང་བོད་ཀྱི་སྐད་ཡིག་ལ་བརྟེན་པའི་ཆོས་དང་རིག་གཞུང་གི་འཇམ་པོའི་སྟོབས་ཤུགས་ལ་ངོས་འཛིན་ཐོབ་པ་ནི་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་མཛད་བཟང་ལ་བརྟེན་ནས་བྱུང་ཞིང་། དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་འཇམ་པོའི་སྟོབས་ཤུགས་ཀྱི་ནུས་པ་དེ་ལ་བརྟེན་ནས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་གསོ་ཉམས་ལྡན་པ་ཞིག་ཆགས་ཡོད་པ་གོར་མ་ཆགས།
ནོར་བུ་རང་ལག་ཏུ་ཡོད་སྐབས་ནོར་ཉམས་ཆོད་ཐུབ་དགོས་པ།
དེར་བརྟེན་བོད་སྐད་དང་བོད་ཡིག་ནང་ཡོད་པའི་རྒྱ་གར་གནའ་རབས་དཔལ་ནཱ་ལེནྜའི་རིག་པའི་གཞུང་ལུགས་སྤྱི་དང་ལྷག་པར། དེང་སྐབས་ཚན་རིག་པ་ཚོས་ཧ་ཅང་དོ་སྣང་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། བློའི་རྣམ་གཞག་དང་བྱེད་ལས། དེ་བཞིན་ཆོས་རྣམ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྟོན་པའི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་བོད་བརྒྱུད་ནང་བསྟན་ལ་མཚོན་ན། དེང་གི་ཚན་རིག་པ་དང་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཐུབ་པའི་རིག་པའི་གཞུང་ལུགས་ཕུལ་དུ་བྱུང་བ་ཞིག་ཡིན་པ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་ཞུ་བཞིན་ཡོད། རྒྱུ་མཚན་དེ་ལྟར་ན་ནོར་བུ་རང་ལག་ཏུ་ཡོད་སྐབས་ནོར་བུའི་ནོར་ཉམས་མ་ཆོད་ཚེ་ནོར་བུ་གཞན་ལག་ཏུ་ཤོར་མཚམས་ནོངས་འགྱོད་ཆེ་ཡང་བྱ་ཐབས་བྲལ་ཟེར་བའི་དཔེ་ལྟར་མ་སྐུལ་དྭང་བླངས་ཐོག་ནས་རང་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་སོགས་དང་། ལས་ཀྱི་སྣེ་མོར་གཏོགས་པ། དེ་བཞིན་ཕྱི་སྡོད་བོད་རིགས་བཅས་ཀྱི་ནང་ཁུལ་བཀའ་མོལ་དང་ཡིག་འབྲེལ། འཚམས་འདྲི་སོགས་གཏོང་སྐབས་བོད་སྐད་དང་བོད་ཡིག་རང་གི་ཐོག་ནས་ཡི་གེ་གཏོང་རེས་དང་། ལར་ནས་རྒྱ་གར་ནས་སླར་ཕྱི་རྒྱལ་ནུབ་ཕྱོགས་ཡུལ་གྲུའི་ནང་འཚོ་བཞིན་པའི་བོད་མི་ཚོས་ཉེ་ལམ་༸སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སུ་ཝི་ཌེན་མལ་མོ་གྲོང་ཁྱེར་དུ་བོད་མི་མི་རེ་ངོ་རེས་རང་གི་ཁྱིམ་ཚང་ནང་དུ་རང་གི་བཟའ་ཟླ་དང་ཕྲུ་གུ་ཚོར་སྐད་ཆ་ཤོད་སྐབས་དང་། ཡིག་འབྲེལ་སོགས་བྱེད་སྐབས་བོད་ཡིག་དང་བོད་སྐད་གཙང་མའི་ཐོག་ནས་བྱེད་དགོས་པའི་བཀའ་སློབ་སྩལ་བ་རྣམས་སྙིང་བཅང་ཞུ་དགོས་པ་ནི་བརྗོད་ག་ལ་དགོས། མདོར་ན་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་རྒྱུན་ལྡན་འཚོ་བའི་ཁྲོད་འགྲོ་འདུག་སྤྱོད་གསུམ་གྱི་ལས་ཇི་འདྲ་ཞིག་བརྩམ་ཀྱང་བོད་མི་གཤའ་མ་ཞིག་བྱེད་ཐབས་ལ་ངེས་པར་དུ་འབུང་གལ་ཆེ། དེ་ལྟར་མིན་ཚེ་ཕྱི་ལུས་ཀྱི་ཤ་མདོག་བོད་མི་ཡིན་ཟེར་བ་ཙམ་ལས་ནང་གི་བསམ་བློའི་འདུ་ཤེས་དང་། སྐད་ཡིག གོམས་གཤིས་སོགས་ཕྱི་རྒྱལ་མི་རིགས་གཞན་ཞིག་ཏུ་འགྱུར་བ་ཡིན་ན་བོད་མིའི་འཐབ་རྩོད་ཀྱི་ནུས་པ་རང་བཞིན་གྱིས་ཉམས་དམས་སུ་འགྲོ་ངེས།
འཐབ་རྩོད་ལ་རྒྱལ་ཁ་ཐོབ་དགོས་ན་རྨང་གཞི་སྲ་བརྟན་བཟོ་དགོས་སྟབས་ཐེངས་འདིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ “ལྔ་དང་ལྔ་བཅུ་ཟེར་བ་འདི་ཧ་ཅང་སྙིང་རྗེ་མོ་ཞིག་རེད། “ཅེས་གཞོན་སྐྱེས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩོལ་སྐབས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གནང་མཛད།
༼གོང་གི་བསམ་ཚུལ་རྣམས་འདི་ག་རྩོམ་སྒྲིག་པའི་བསམ་ཚུལ་ལས་གཞུང་གི་ལངས་ཕྱོགས་ཡིན་པའི་ཁྱབ་པ་མེད། ༽