ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༨ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་སྐལ་བཟང་དགྱེས་སྟོན་ཉིན་གཉིས་པའི་མཛད་སྒོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་གི་མདུན་དུ་ཚོགས་གནང་ཡོད།
དེ་ཡང་སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་མཆོག་དང་། གསང་གསུམ་བོད་ཀྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག གཞན་ཡང་སྐྱབས་གནས་དགེ་འདུན་གྱི་སྡེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱག་འབྲེལ་སྤྱི་འཐུས་རྣམ་པ། བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། དེ་རིང་འདིར་དམིགས་བསལ་ཆིབས་སྒྱུར་བསྐྱངས་བ་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་སྐུ་ཚབ་རྣམ་པ། སེར་སྐྱ་མི་མང་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གོང་དུ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་གསུང་པ་གཞིར་བཟུང་རེད། དེ་རིང་གི་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་འདི་སྤྱིར་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེན་པོ་ཡིན་པ་དང་། ལྷག་པར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་མཛད་སྒོ་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད།
དེ་འདྲའི་ཐོག་ནས་དེ་རིང་གི་མཛད་སྒོ་ལྟ་བུར་མཚོན་པ་ཡིན་ན། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་རང་བཞིན་ཆགས་སྟབས། ཕྲན་རང་འདིར་དམིགས་བསལ་བཅར་ཐུབ་པ་ཧ་ཅང་དགའ་ཚོར་བྱུང་བ་མ་ཟད། སྐལ་བ་བཟང་པོ་ཞིག་ལ་ངོ་འཛིན་ཞུ་གི་ཡོད། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལོ་སྟོང་ཕྲག་མང་པོ་སྔོན་ནས་དར་བ་དང་། དེ་བཞིན་ད་ལྟའི་བར་དུ་མ་ཉམས་པར་གནས་བཞིན་པའི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་། སྤྱིར་རིས་སུ་མ་ཆད་པའི་གདུལ་བྱ་རྣམས་དང་། ལྷག་པར་གཡུང་དྲུང་བོན་གྱི་རྗེས་འབྲང་བ་རྣམས་ལ་དམིགས་བསལ་བླང་དོར་དང་། དེ་བཞིན་གནས་སྐབས་ཀྱི་བདེ་བ་དང་། མཐར་ཐུག་གི་བདེ་བ་སྦྱིན་ཐུབ་པའི་ང་ཚོའི་ཆོས་ལུགས་རྙིང་པ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པར་བརྟེན། བོད་ཀྱི་ལོ་རྒྱུས་ནང་དུས་རབས་ ༡༩ མཇུག་དང་།་དུས་རབས་ ༢༠ མགོ་སྟོད་ལ་རྒྱ་ནག་དམར་པོའི་གཞུང་བོད་ནང་བཙན་འཛུལ་བྱས་ནས་བོན་ཙམ་མ་ཟད། བོད་སྤྱི་ཡོངས་ཀྱི་ཆབ་སྲིད་གནས་བབ་ཐོག་ལ་ཧ་ཅང་ཉག་ཕྲ་བའི་ལོ་རྒྱུས་དེ་འདྲ་ཞིག་བྱུང་བ་རེད། འོན་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་ཐུགས་བསྐྱེད་དང་སེམས་ཤུགས་ཉམས་པ་མེད་པའི་ཐོག་ནས་གཙོ་བོ་སྤྱི་ནོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་དགོངས་གཞི། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་གིས་དམིགས་བསལ་མཐུན་འགྱུར་གནང་བའི་ཐོག་ནས་སླར་གསོ་ཐུབ་པ་དེ་བོད་ཀྱི་ལོ་རྒྱུས་གནས་སྟངས་ཉག་ཕྲ་བའི་དུས་ཚོད་ལ་དམིགས་བསལ་བྱས་རྗེས་འབུར་དུ་ཐོན་པ་ཞིག་བྱུང་འདུག་སྙམ་པ་ནམ་རྒྱུན་སེམས་ནང་འཁོར་གྱི་ཡོད།
དེ་བཞིན་དེ་རིང་ང་ཚོ་མཛད་སྒོ་ཚོགས་ཡུལ་ལྟ་བུར་མཚོན་ན། གཙོ་བོ་སྨན་རི་བའི་ཁྲི་འཛིན་ ༣༣ མཆོག་དང་། ཡོངས་འཛིན་སྨྲ་བའི་སེངྒེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལ་གཅེས་ཞིང་བློ་མི་བཟོད་པའི་ཐོག་ནས་ཐུགས་བསྐྱེད་དམ་བཅའ་འགྱུར་བ་མེད་པའི་ཐོག་ནས་བསྟན་རྒྱས་ཀྱི་ཕྱག་རྗེས་རླབས་པོ་ཆེ་ཞིག་དང་། དེ་ཡང་ང་ཚོའི་དཀྱིལ་འཁོར་ར་བ་འདི་གཅིག་པུ་ཙམ་མིན་པར་བོད་ཕྱི་ནང་གཉིས་སྣེ་ཁྲིད་ཐུབ་པ། ལྷག་པར་རྒྱལ་སྤྱིའི་ནང་དེང་སྐབས་བོན་གྱི་བསྟན་པའི་ཐོག་དོ་སྣང་གསར་པ་སླེབ་པ་དེ་འདྲའི་མཛད་རྗེས་ཧ་ཅང་བྱུང་འདུག དེ་དག་ལ་བཀའ་དྲིན་དང་ཁོང་རྣམ་པའི་མཛད་པ་འཕྲིན་ལས་དེ་ཚོ་རྗེས་སུ་དྲན་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་བཞིན་དེ་རིང་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཕེབས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་ ༣༤ མཆོག་ལ་མཚོན་ན། སྔར་སྲོལ་སྨན་རི་བའི་ལམ་ལུགས་གཞིར་བཟུང་མཚན་གཞུང་བསྡུ་རུབ་གནང་རྒྱུ་དང་། དེ་བཞིན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ལྷ་དང་སྲུང་མར་བདེན་པ་བདར་ཏེ་རྟགས་སྒྲིལ་གནང་བ་དེ་དག་དངོས་གནས་ཚད་དང་ལྡན་པ། ཡིད་སྨོན་ཞུ་རྒྱུའི་གནས་ལྟ་བུར་ཆགས་འདུག་བསམ་གྱི་འདུག དེར་བརྟེན་ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་འགྲོ་སྟངས་རེད། ཕྱོགས་གཞན་ཞིག་ནས་འོས་བབ་ཡོད་མཁན་དེ་དག་མཚན་གཞུང་བསྡུ་རྒྱུ་དང་། བསྟན་སྲུང་ཡེ་ཤེས་ཀྱི་སྤྱན་ཡོད་མཁན་དེ་ཚོའི་མདུན་དུ་བདེན་པ་བདར་རྒྱུ། རྟགས་སྒྲིལ་གནང་རྒྱུ། མཐར་འཐོན་རྒྱུ་འདི་འཇིག་རྟེན་ཐོག་བསམ་བློ་གཏོང་བ་ཡིན་ནའང་། དྲང་པོ་དང་བདེན་པའི་གནས་སྟངས་ཆགས་འདུག དྲང་པོ་དང་བདེན་པར་སུ་ཡིན་ནའང་གུས་རྩི་དང་ཡིད་ཆེས་བྱེད་ཐུབ་དགོས་རྒྱུ་ནི་ཡ་རབས་དམ་པའི་ལུགས་སྲོལ་ཆགས་ཡོད་སྟབས། དེ་འདྲ་ཐོག་ནས་སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་ ༣༤ མཆོག་ལྟ་བུར་མཚོན་པ་ཡིན་ན། དངོས་འབྲེལ་རྩོད་པ་མེད་པའི་ཐོག་ནས་ཕེབས་ཐུབ་པ་དང་། དེ་ཡང་དཔོན་སློབ་རིན་པོ་ཆེ་མཆོག་གིས་གསུང་བ་གཞིར་བཟུང་བོད་ཕྱི་ནང་གཉིས་ཀྱི་ངོས་འཛིན་ཐོབ་པ་དེ་དག་དངོས་འབྲེལ་བསྟན་པ་སྤྱི་དང་། ལྷག་པར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པར་མཛད་རྗེས་རླབས་པོ་ཆེ་བཞག་འདུག དེ་འདྲའི་ཐོག་ནས་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲེལ་ཡོད་འགན་བཞེས་མཁན་ཡོངས་ལ་དེ་རིང་གོ་སྐབས་འདི་བརྒྱུད་དམིགས་བསལ་ཐུགས་རྗེུ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ ལྟ་བུ་མཚོན་པ་ཡིན་ན། ཆོས་ཕྱོགས་ཀྱི་ཤེས་ཡོན་ཚང་མ་ཡོངས་སུ་ཚང་བ་ཞིག་དང་། ལྷག་པར་དེང་སྐབས་དུས་རབས་ ༢༡ ནང་དེང་སྐབས་ཀྱི་འགྲོ་སྟངས་ཚང་མ་མཁྱེན་རྒྱུ། དེ་འདྲའི་ཐོག་ནས་མ་འོངས་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་དང་། དེ་ལ་ཐུགས་བསྐྱེད་ཉམས་པ་མེད་པའི་ཐོག་ནས་འཁུར་བཞེས་ཀྱི་རེད་བསམ་གྱི་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་གི་མཛད་འགན་གལ་ཆེ་བ་ཞིག་ཆགས་ཡོད། འོན་ཀྱང་དེ་དང་མཉམ་དུ་བསྟན་པར་ཞུགས་མཁན་བོད་ཕྱི་ནང་གཉིས་ཀྱི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་འཇུག་དང་། ལྷག་པར་དཔལ་གཤེན་བསྟན་སྨན་རི་གླིང་གི་ཆེ་ཕྲ་ཡོངས་སུ་རྫོགས་པས་བསྟན་རྒྱས་ཀྱི་བྱ་བ་ཐམས་ཅད་ལ་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག
སྤྱིར་འཛམ་གླིང་གི་ཆོས་ལུགས་ཁག་མཐུན་སྒྲིལ་དང་། ལྷག་པར་བོད་བརྒྱུད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་མཐུན་སྒྲིལ་གྱི་ཐོག་ནས་དམ་ཚིག་འོ་ཆུ་གཅིག་འདྲེས་དང་། ཕན་ཚུན་དག་སྣང་དང་གུས་རྩི་ཞུ་ཐུབ་དགོས་རྒྱུའི་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བཀའ་སློབ་ཕེབས་ཀྱི་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཕེབས་པའི་དབུ་ཁྲིད་བླ་ཆེན་རྣམ་པར་མཚོན་པ་ཡིན་ནའང་། ད་བར་ཆོས་ལུགས་མཐུན་སྒྲིལ་ཟེར་རྒྱུ་འདི་ཕལ་ཆེར་ལོ་རྒྱུས་ནང་བྱུང་མ་མྱོང་བ་ལྟ་བུ་བཙན་བྱོལ་ནང་བྱུང་ཐུབ་ཡོད། དེ་འདྲའི་ཐོག་ནས་ཕན་ཚུན་དག་སྣང་སྦྱོང་རྒྱུ་དང་། གུས་རྩི་ཞུ་རྒྱུ་བྱུང་བ་ཡིན་ན། བསྟན་པ་ཡུན་རིང་གནས་རྒྱུ་ལའང་ཕན་ཐོགས་པ་དང་། དེ་བཞིན་བསྟན་འཛིན་འཇོག་རྒྱུ་ལ་ཕན་ཐོགས་པ། གང་ལྟར་འཁོན་འཛིན་དང་ཕྲག་དོག་རང་བཞིན་གྱི་མེད་པ་ཆགས་པའི་ཐོག་ནས་སྤྱིར་ཆོས་ཟེར་རྒྱུ་ནི་མཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཐུབ་པ་དང་། དེའི་ཐོག་ནས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་དེ་དག་གང་ཙམ་ཐུན་མོང་ལྟ་བུ་ཆགས་ཀྱི་འདུག དེ་འདྲའི་ཐོག་ནས་བསམ་བློ་གཏོང་བ་ཡིན་ནའང་། བསྟན་པར་བྱས་རྗེས་རླབས་ཆེན་པོ་འཇོག་ཐུབ་པ་དང་། དེ་བཞིན་མི་རིགས་དང་། མི་རིགས་དེའི་རིག་གཞུང་ལའང་བྱས་རྗེས་ཡག་པོ་འཇོག་ཐུབ་པ་དེ་འདྲ་བྱུང་འདུག རྗེས་འཇུག་དེ་ཚོས་སྤྱི་ཡོངས་ཐོག་ནས་མུ་མཐུད་དམ་ཚིག་འོ་ཆུ་གཅིག་འདྲེས་ཟེར་བ་ནང་བཞིན་དག་སྣང་སྦྱོང་ཐུབ་རྒྱུ་དང་ཕན་ཚུན་གཅིག་གིས་གཅིག་ལ་གུས་རྩི་ཞུ་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག
དེ་རིང་གི་མཛད་སྒོ་གོ་སྒྲིག་གནང་མཁན་དང་མཐུན་འགྱུར་གནང་མཁན་འབྲེལ་ཡོད་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། མཛད་པ་འཕྲིན་ལས་མཁའ་མཉམ་འགྲོ་བ་ཡོངས་ལ་ཁྱབ་པ། དེ་བཞིན་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཚང་མས་ཐུགས་སྨོན་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །