༢༠༡༨ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་བརྗོད་གཞི་དང་པོའི་གཙོ་སྐྱོང་བ་ལྦ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པ་གཤམ་གསལ།
གསར་འགོད་པ། བོད་ཀྱི་ཆོས་དང་རིག་གཞུང་འདི་བོད་མིའི་ངོོ་བོའམ་སྲོག་རྩ་ཇི་ལྟར་ཆགས་ཐུབ་བམ།
དགེ་བཤེས་ངག་དབང་བསམ་གཏན་ལགས། སྤྱིར་དྲི་བ་འདི་ཧ་ལས་པའི་གཞི་རྒྱ་ཆེན་པོ་རེད། འོན་ཀྱང་མདོར་བསྡུས་ནས་ཞུས་པ་ཡིན་ན། བོད་དུ་གནའ་སྔ་མོ་ནས་ནང་པའི་བསྟན་པ་མ་དར་གོང་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ལ་སོགས་གཡུང་དྲུང་བོན་གྱི་ལྟ་གྲུབ་ལ་གཞིར་བཞག་པའི་ཐོག་ནས་བྱུང་བ་རེད། དེ་ནས་བརྒྱ་ཕྲག་བདུན་པའི་རྗེས་སུ་ནང་པའི་བསྟན་པ་བོད་དུ་དར་རྒྱས་བྱུང་རྗེས་ནང་པའི་རིག་གཞུང་དང་ནང་པའི་ཆོས་བརྒྱུད་ཀྱི་རྗེས་འབྲང་པ་མང་པོ་ཞིག་གིས་རྒྱ་གར་གྱི་རིག་གཞུང་མང་པོ་ཞིག་བོད་དུ་གདན་འདྲེན་ཞུས་ཡོད། སྐབས་དེ་དུས་བོད་ཀྱི་དམག་དཔུང་ལ་མཚོན་ན། དབུས་ཨེ་ཤི་ཡའི་ནང་ནས་སྟོབས་ཤུགས་ཆེ་ཤོས་གྲས་རེད། འོན་ཀྱང་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནང་པའི་ལྟ་གྲུབ་དང་ནང་ཆོས་སོགས་རྒྱ་གར་འཕགས་པའི་ཡུལ་ནས་ཚུར་གདན་འདྲེན་ཞུ་རྒྱུའི་དགོངས་བཞེས་མཛད་ནས་རིམ་བཞིན་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་བྱུང་།
དེ་ནས་དམག་གི་སྟོབས་ཤུགས་ཆེ་བའི་བོད་ཡུལ་འདི་ཉིད་ནང་ཆོས་ཀྱིས་བརྟུལ་ནས་བྱམས་བརྩེའི་རང་བཞིན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བ་རེད། རིམ་བཞིན་བསིལ་ལྡན་ཁ་བའི་ལྗོངས་སུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་སྐར་ཚོགས་བཞིན་བྱོན་ནས་ཁོང་རྣམས་ཀྱིས་ལོ་བརྒྱ་ཕྲག་མང་པོའི་རིང་ངལ་བ་དུ་མ་ཁྱད་དུ་བསད་ནས་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཟུང་འབྲེལ་ཆ་ལག་ཡོངས་སུ་ཚང་བ་ཞིག་གངས་ཅན་ལྗོངས་སུ་སྐྱེས་ཀྱི་ཚུལ་དུ་ཕུལ་བ་ཞིག་དང་། ཁོང་རྣམ་པས་སངས་རྒྱས་ཀྱི་བསྟན་པ་གཙོ་བོར་གྱུར་བའི་རིག་པའི་གནས་དེ་དག་འཛིན་སྐྱོང་ཐོག་བསམ་བློ་བཏང་བ་ཡིན་ནའང་འཛམ་གླིང་གི་ཉེ་རབས་ལོ་རྒྱུས་ཁྲོད་ཧ་ལས་པའི་གནས་ཚད་མཐོན་པོ་ཞིག་ཡིན།
དེ་ཚོའི་གནས་ཚད་ལ་ལྟ་ཡོང་སྐབས་སྤྱིར་བཏང་གི་དཔལ་འབྱོར་དང་། དེ་བཞིན་ནང་དོན་གྱི་བསླབ་པ་སློབ་གཉེར། དེ་མིན་པའི་སྒོམ་སྒྲུབ་ཉམས་ལེན་གྱི་བརྒྱུད་པ་དང་བཅས་པ་ཡོངས་རྫོགས་བོད་དུ་གདན་འདྲེན་ཞུས། དེ་ལ་བརྟེན་ནས་བོད་མིའི་སྲོལ་རྒྱུན་དང་། ལམ་ལུགས། གོམས་སྲོལ་གཏིང་ཟབ་པོ་ཞིག་དང་། ཆོས་རྒྱལ་དང་ལོ་པཎ་རྣམ་པས་དགོངས་པ་བཞེས་པ་བཞིན་མིའི་མི་ཚེར་འགྱུར་བ་རླབས་ཆེན་ཞིག་འགྲོ་རྒྱུའི་གཞི་རྩ་དེ་བྱུང་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱ་གར་དུ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་བསྟན་པ་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་ཡོངས་རྫོགས་དེ་བོད་ནང་དར་རྗེས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་རྒྱུ་དང་། སྐྱེས་བུ་སོ་སོའི་རྒྱུད་ཀྱི་ཉོན་མོངས་ཞི་བར་བྱ་རྒྱུ། དེ་བཞིན་ཞི་བདེ་སྐྲུན་པར་བྱེད་པ་བཅས་ཐབས་ལམ་སྨད་དུ་བྱུང་བ་འདི་ལྟ་བུ་བོད་དུ་འབྱོར་ནས་བོད་མིའི་སྤྱི་ཚོགས་ཀྱི་གོམས་གཤིས་ནང་སྦྱར་བ་རེད།
གསར་འགོད་པ།
བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཕྱི་ནང་གཉིས་ཀྱི་རྐྱེན་ལ་བརྟེན་ནས་ཉམས་ཆག་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དགེ་བཤེས་ལགས་ཀྱིས་ངོས་ནས་ཉམས་ཆག་འགྲོ་དགོས་པའི་རྒྱུ་མཚན་གང་དང་གང་གཟིགས་ཀྱི་ཡོད་དམ།
དགེ་བཤེས་ངག་དབང་ལགས། བོད་ཀྱི་རིག་གཞུང་དང་ཆོས་ཉམས་ཆག་འགྲོ་བཞིན་ཡོད་དམ་ཞེས་འདྲི་སྐབས། ཕྱོགས་གཅིག་ཐོག་མར་རྒྱ་མི་དམར་པོས་བཙན་འཛུལ་བྱས་རྗེས་འཆར་གཞི་དང་ལྡན་པའི་ཐོག་ནས་དགོན་སྡེ་ཁག་དང་བསླབ་པ་སློབ་གཉེར། དེ་བཞིན་གྲྭ་བཙུན་ལ་སོགས་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏིང་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་བསྐྱངས་ནས་རྒྱ་གར་ནང་བོད་ཀྱི་རིག་གཞུང་གི་གཞི་རྩའི་རྨང་གཞི་གསར་འཛུགས་མཛད། ད་ལྟའི་འཛམ་བུ་གླིང་སྟེང་བོད་བརྒྱུད་ནང་བསྟན་ཞེས་འབོད་སྐབས་ཡོངས་གྲགས་ཀྱིས་རེ་ལྟོས་འཆའ་ས་ཤིག་ཆགས་ཡོད། དེའི་ཆ་ནས་བསམ་བློ་བཏང་ཡང་བོད་བརྒྱུད་ནང་བསྟན་དེ་ཉམས་རྒུད་འགྲོ་ཡི་མེད།
ང་རང་ཚོའི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་རྒྱ་མིས་བོད་ས་བཙན་བཟུང་རྗེས་དགོན་སྡེ་སོགས་རྩ་མེད་བཏང་བར་བརྟེན་ཉམས་ཆག་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་མི་གཞོན་སྐྱེས་ཀྱིས་མཚོན་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སླེབས་རྗེས་ཁོར་ཡུག་གསར་པ་ཞིག་གི་ནང་འཚོ་སྡོད་བྱེད་སྐབས་རང་བཞིན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་ཕོག་དང་ཉམས་རྒྱུད་འགྲོ་བཞིན་ཡོད། རྒྱུ་མཚན་གཅིག་ནི་ནང་པའི་སྲོལ་རྒྱུན་གྱི་ཁོར་ཡུག་མེད་པ་དང་། གཉིས་ནི་དེང་སང་སྒྱུ་རྩལ་དང་རིག་གནས་ལ་སོགས་པ་མང་པོ་ཞིག་གསར་དུ་སླེབས་པ་དང་དེའི་ཐོག་བོད་པ་ཁེར་རྐྱང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་མེད་པའི་གནས་སྟངས་འོག་ཉམས་རྒུད་འགྲོ་བཞིན་ཡོད།
དེ་ནི་བོད་གཅིག་པུའི་གནས་སྟངས་ཤིག་མ་རེད། སྲོལ་རྒྱུན་གྱི་རིག་གནས་གང་དུ་ཡོད་ཀྱང་དཀའ་ངལ་དེ་མཚུངས་འཕྲད་བཞིན་ཡོད་པ་ཡོངས་གྲགས་རེད། ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། བོད་བརྒྱུད་ནང་བསྟན་དེ་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་ཞིག་དང་། དར་ཁྱབ་དེ་ཉིད་ཁྱབ་སྤེལ་ཙམ་གྱིས་འགྲོ་བ་ཞིག་མིན་པར་འཛམ་གླིང་གི་ཤེས་ཡོན་ཅན་གྱི་མི་སྣ་དང་རྣམ་དཔྱོད་ཅན་གྱི་མི་སྣ་མང་པོ་ཞིག་གི་ཡིད་དབང་མེད་དུ་འཕྲོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་དུ་བླངས་བཞག་པ་ཞིག་ཡིན། ད་ཆ་ས་གོ་ལའི་ནང་བོད་བརྒྱུད་ནང་བསྟན་ནི་ཡོངས་གྲགས་བསྔགས་བརྗོད་དང་ཡིད་སྨོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
གསར་འགོད་པས། དེང་སྐབས་རྒྱལ་སྤྱིའི་ཐོག་ལ་གོ་ལ་གཅིག་གྱུར་དང་དེང་དུས་ཀྱི་འགྱུར་ལྡོག་ཤུགས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་ཀྱི་ཆོས་དང་རིག་གཞུང་ཇི་ལྟར་སྲུང་སྐྱོབ་བྱ་དགོས་སམ།
དགེ་བཤེས་ངག་དབང་བསམ་གཏན་ལགས། དེའི་ཐོག་ལྟ་ཚུལ་གཉིས་ཡོད། གོ་ལ་གཅིག་གྱུར་ནང་རང་ཉིད་ཀྱིས་ནང་པའི་ལྟ་གྲུབ་དང་ནང་པའི་ཆོས་ཀྱི་སྐོར་རྒྱུས་མངའ་དང་། བསམ་བློ་དང་འབྲེལ་བ་ཆེན་པོ་ཡོད། རྒྱུན་དུ་རང་ཉིད་མི་ཚེ་སྐྱེལ་སྟངས་ནང་རིག་གཞུང་གཏིང་ཚུགས་པའི་འདུ་ཤེས་ཤིག་མེད་མེད་པ་ཡིན་ན་གོ་ལ་གཅིག་གྱུར་གྱིས་ལྷག་པ་བརྒྱབ་ནས་ཡལ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། མང་ཚོགས་ནང་དེའི་ཐོག་སྐྱོན་ཡོང་རྒྱུའི་ཉེན་ཁ་ཡོད། གོ་ལ་གཅིག་གྱུར་ནང་གནས་ཆུལ་མང་པོ་ཞིག་ང་ཚོས་བེད་སྤྱོད་ཡག་པོ་བཏང་ཐུབ་ཀྱི་མེད། དེ་བེད་སྤྱོད་ཡག་པོ་ཞིག་བཏང་ཐུབ་ཡིན་ན། ང་རང་ཚོའི་རིག་གཞུང་དང་སྲོལ་རྒྱུན་གྱི་ལྟ་གྲུབ། སྒོམ་སྒྲུབ་ཉམས་ལེན་ལ་སོགས་པ་ཕལ་མོ་ཆེ་ཞིག་གོ་ལ་གཅིག་འགྱུར་གྱི་གཅིག་རླབས་དེའི་སྒང་ལ་གཞོན་སྟེ་བེད་སྤྱོད་བཏང་བ་ཡིན་ན་དེའི་གཞན་ཕན་གྱི་བྱ་བ་རླབས་ཆེན་པོ་ཞིག་སྒྲུབ་ཐུབ། གནའ་སྔ་མོ་ཡིན་ན། ལོ་བཅུ་ཕྲག་མང་པོ་དང་བརྒྱ་ཕྲག་མང་པོ་རིང་ལ་སྒྲུབ་མི་ཐུབ་པ་ཞིག་དང་། དེང་སང་ཟླ་བ་དང་ལོ་ཁ་ཤས་ནང་སྒྲུབ་ཐུབ་ཐབས་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་གང་ཟག་སོ་སོའི་ངོས་ནས་ཁོར་ཡུག་འདི་བདེ་སྤྱོད་བཏང་ཐུབ་པ་ཞིག་དང་། ཁོར་ཡུག་གི་རྦ་རླབས་དང་རླུང་འཚུབ་དེའི་ནང་ཡལ་མི་འགྲོ་བ་སོ་སོའི་རང་ཚུགས་ཐུབ་པའི་སྒང་ལ་གནས་ཐུབ་པ་བྱུང་ན་འཛམ་གླིང་སྐྱེ་འགྲོ་སྤྱིའི་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་བསམ་པ་དྲན་གྱི་འདུག
གསར་འགོད་པས། གྲྭ་བཙུན་འཛུལ་ཞུགས་ཐོག་དེ་སྔ་དང་བསྡུར་བ་ཡིན་ན་ཉུང་དུ་ཕྱིན་ཡོད། དེས་བོད་ཀྱི་རིག་གཞུང་དང་། ཆོས། དེ་བཞིན་སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུའི་ཐད་ཤུགས་རྐྱེན་ཇི་ཙམ་སྤྲད་ཀྱི་ཡོད་དམ།
དགེ་བཤེས་ངག་དབང་བསམ་གཏན་ལགས། བོད་ཀྱི་དགོན་སྡེ་ཙམ་མིན་པར་བོད་པའི་གཞི་རིམ་སློབ་གྲྭའི་ཁག་ཏུ་འཛུལ་ཞུགས་གནང་མཁན་ཉུང་དུ་འགྲོ་བཞིན་ཡོད། བྱིས་པ་སློབ་ཕྲུག་རྣམས་ཡོང་ས་ནི་ཁྱིམ་ཚང་ཕ་མ་ནས་ཡོང་གི་རེད། ཁྱིམ་ཚང་གི་ཕ་མས་ཕྲུ་གུ་སྐྱེ་འཕེལ་བྱ་རྒྱུ་དེའང་ཉུང་དུ་ཕྱིན་ཡོད། དེའི་རྐྱེན་གྱིས་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ཧ་ལས་པ་ཉུང་དུ་ཕྱིན་ཡོད། དེ་ང་ཚོའི་ངོས་ནས་སྤྱིར་བཏང་གི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་རེད། དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭའི་ནང་གི་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་རྒྱུའི་ཐད་རིམ་པས་དོ་ཕོག་ཆེན་པོ་ཏན་ཏན་འགྲོ་སྲིད་པ་རེད། གྲངས་ལ་མི་ལྟོས་སྤུས་ཚད་ལ་ལྟོས། ཞེས་པ་ལྟར། ད་ལྟ་གང་ཉུང་ཉུང་ཡོད་པ་དེ་དག་སྤུས་དག་པོ་ཞིག་ཉར་ཐུབ་ན་དགེ་མཚན་ཆེན་པོ་ཡོད། དེ་སྔ་གྲྭ་བཙུན་ལ་སོགས་མང་པོ་ཡོད་སྟབས་སྤུས་ཚད་ཀྱི་ཆ་ནས་ཡག་འབྲིང་ཞན་གསུམ་ཡོད། ད་ཆ་ནུས་པ་སྤུང་རྒྱུ་གང་ཡོད་པ་རྣམས་སྤུས་ཚད་མཐོ་པོ་བཟོ་རྒྱུར་འཆར་གཞི་དང་སྒྲིག་འཛུགས་ལྡན་པ་ཞིག་གི་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། ཉུང་ཉུང་ལས་མེད་ཀྱང་སྤུས་དག་པོ་ཞིག་ཡོད་ན་སྔོན་ལྟར་གཅིག་མཚུངས་ཆགས་ཐུབ།
གསར་འགོད་པས། དེ་སྔ་བོད་ལ་ཡོད་པའི་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྒྱུ་སྩལ་རིགས་མང་པོ་ཡོད་པ་དེ་དག་ཕྱིས་སུ་ཉམས་ཆག་འགྲོ་བཞིན་ཡོད། དེ་དག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུའི་ཐད་དགེ་བཤེས་ལགས་ལ་དགོངས་ཚུལ་གང་ཡོད།
དགེ་བཤེས་ངག་དབང་བསམ་གཏན་ལགས། སྤྱིར་བཏང་བཟོ་རིག་དང་སྒྱུ་རྩལ་རྣམས་རྒྱ་ཆེན་པོ་ཞིག་གི་ཐོག་ནས་བཤད་པ་ཡིན་ན། ཧ་ལས་པ་རེད། སྒྱུ་རྩལ་རང་ཉིད་གུ་ཡངས་པའི་དབང་དུ་བཤད་པ་ཡིན་ན། ལྟ་སྒོམ་སྤྱོད་གསུམ་ཆ་ཚང་སྒྱུ་རྩལ་ནང་འགྲོ་ཆོག སྒྱུ་རྩལ་ལ་གུ་དོག་པའི་དབང་དུ་བཤད་པ་ཡིན་ན། བལྟ་བྱའི་སྒྱུ་རྩལ་ཨིན་ཡིག་ནང་ Visual Culture ཞེས་བརྗོད་ཀྱི་ཡོད། དེ་ཚོའི་གྲས་ནང་རི་མོ་མཐོང་རྒྱུ་ཡོད་པ་དང་། འབུར་བརྐོས་དང་། ལྕགས་བཟོ། དངུལ་བཟོ། གསེར་བཟོ་ལ་སོགས་པའི་དངོས་རྫས་རིགས་དང་ཁང་པའི་བཟོ་དབྱིབས་དང་བརྐོས་དབྱིབས། གུར། གྱོན་ཆས། རྒྱན་ཆ་ལ་སོགས་པ་བོད་མི་རྣམས་ལ་ཧ་ཅང་རིག་གཞུང་ཕྱུག་པོ་ཞིག་ཡོད། ཕྱུག་པོ་ཡིན་པ་འདི་དེ་སྔ་བོད་དུ་ཡིན་ན་བོད་པའི་རིག་གཞུང་དང་སྒྱུ་རྩལ་ཞེས་འབོད་ཀྱི་ཡོད། རིག་གཞུང་དེ་དག་དར་ཁྱབ་འགྲོ་ས་དེ་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་གང་དུ་དར་ཁྱབ་ཡོད་ས་དེར་བོད་མིའི་སྲོལ་རྒྱུན་རིག་གནས་དེས་ཧ་ལམ་ཁྱབ་ཡོད། སྒྱུ་རྩལ་ཕལ་མོ་ཆེ་གཅིག་མཚུངས་ཡིན།
བོད་པའི་སྒྲུ་རྩལ་རྣམས་བོད་མི་རང་གིས་བདག་ཉར་བྱེད་དགོས་པ་གལ་ཆེན་པོ་རེད། བོད་པའི་སྒྱུ་རྩལ་དེ་ཧ་ལས་པའི་སྤུས་དག་པོ་རེད། ལྷན་ཚོགས་སྐབས་བོད་ཀྱི་སྒྱུ་རྩལ་གྱི་བསྟི་གནས་ཁང་དང་སློབ་གཉེར་ཁང་ཞིག་འཛུགས་སྐྲུན་གནང་དགོས་ངེས་འདུག ཅེས་བསམ་འཆར་ཡང་ཕུལ་བ་ཡིན། མི་རབས་གོང་གི་སྒྱུ་རྩལ་བའི་མཁས་པ་དང་ཉམས་མྱོང་ཅན་མང་པོ་ཞིག་མཁོ་འདུ་བྱེད་ནས་གཞོན་སྐྱེས་མང་པོ་ཞིག་ལ་སྦྱོང་བརྡར་གནང་ནས་མི་མང་པོ་ཞིག་ལ་འཚོ་རྟེན་དང་། འགྲེམས་སྤེལ་བྱེད་པའི་དབང་གིས་དཔལ་འབྱོར་གྱི་རྒྱབ་བརྟེན། རིག་གཞུང་གསོ་སྐྱོང་བྱ་ཐུབ་པ། དེ་བཞིན་བྱ་བ་མང་པོ་ཞིག་མཉམ་དུ་བསྒྲུབ་ཐུབ་རྒྱུའི་གནས་ཚུལ་ཞིག་ཡོང་གི་ཡོད། དེའི་ཐོག་དམིགས་བསལ་དགོངས་པ་བཞེས་གནང་དགོས་ཀྱི་འདུག བོད་མི་སུ་འདྲ་ཞིག་ཡིན་རུང་སོ་སོ་རང་ཉིད་ཀྱི་ཁྱིམ་དུ་བོད་མིས་འཛུགས་སྐྲུན་བྱེད་པའི་དངོས་ཆས་དང་སྐུ་འདྲ་སོགས་འཇོག་རྒྱུར་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད། ད་ལྟ་དངོས་ཆས་དང་སྐུ་འདྲ་ལ་སོགས་འབེལ་འབེལ་ལྷུག་ལྷུག་དང་སྤུས་དག་པོ་ཞིག་མེད། སྔར་ཡོད་པ་ལྟར་ད་ལྟའི་ཆར་མང་པོ་དེ་ཙམ་མེད། ད་ཆ་སྤུས་དག་པོ་ཞིག་དང་མང་པོ་དགོས་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ཙམ་མིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་རིག་གཞུང་གི་དངོས་ཆས་ལ་སོགས་འགྲེམས་སྤེལ་བྱ་རྒྱུ་དང་། དེའི་དབང་གིས་བོད་ཀྱི་རིག་གཞུང་གི་མཚོན་དོན་དང་མཚོན་བྱེད་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁྱབ་སྤེལ་འགྲོ་རྒྱུའི་ཐད་ཁྱད་པར་ཆེན་པོ་ཡོད།
གསར་འགོད་པས། བོད་ཀྱི་གཞོན་སྐྱེས་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུའི་ཐད་ལམ་སྟོན་གང་ཡོད་དམ།
དགེ་བཤེས་དག་དབང་བསམ་གཏན་ལགས། འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། མི་རབས་དང་། རྒྱལ་ཁབ། སྤྱི་ཚོགས་སུ་འདྲ་ཞིག་ཡིན་རུང་མཐར་གཞོན་སྐྱེས་རྣམས་ལ་རྩིས་སྤྲོད་དགོས་ཀྱི་ཡོད། གོང་དུ་ཞུས་པ་ལྟར་དེང་སང་གི་གཞོན་སྐྱེས་རྣམས་ཀྱི་མདུན་དུ་དེང་རབས་དངོས་གཙོ་སྨྲ་བའི་ལམ་ལུགས་དང་སྤྱི་ཚོགས། རིག་གཞུང་ཁག་གཅིག་ཡོད། ང་ཚོར་སེམས་གཙོ་སྨྲ་བའི་རིག་གཞུང་གི་བརྒྱུད་པ་ཞིག་ཡོད། ང་ཚོས་ཕྱག་འཚལ་བ་དང་། མཆོད་མེ་འབུལ་བ། དགོན་པར་མཆོད་མཇལ་ཆེད་འགྲོ་རྒྱུ་ཙམ་གྱི་ཆོས་བྱེད་ཀྱི་ཡོད་པའི་བཟོ་འདྲ་བྱེད་ནས་ཕྱིན་པ་ཡིན་ན་ཉམས་རྒུད་འགྲོ་ཉེན་ཡོད། ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་ཡོངས་ནས་རྣམ་དཔྱོད་ཅན་དང་། གཞོན་སྐྱེས་ཚན་རིག་པ་སུ་འདྲ་ཞིག་ཡིན་རུང་བསྔགས་བརྗོད་བྱེད་བཞིན་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་གཙོ་བོ་མིའི་སེམས་རྒྱུད་ཇེ་བཟང་དུ་གཏོང་རྒྱུ་དེ་རེད། སེམས་ནང་དྲི་མ་བཙོག་པ་དང་སྐྱོན་ཆ་རྣམས་སེལ་རྒྱུ་དེ་རེད།
ང་ཚོ་མ་སྐྱིད་པ་བཟོ་མཁན་ནི་སེམས་ནང་སྐྱོན་ཆ་དང་དྲི་མ་བཙོག་པ་དེ་དག་རེད། དེ་དག་མེད་པ་བཟོ་རྒྱུའི་ཆ་རྐྱེན་རྨད་དུ་བྱུང་བ་ཞིག་ནི་བོད་བརྒྱུད་ནང་བསྟན་ནང་ཡོད་པའི་འཛམ་གླིང་ཀུན་གྱིས་བསྟོད་བསྔགས་ཞུ་ཡུལ་ཉམས་ལེན་དང་། ལྟ་གྲུབ་ཀྱི་རྣམ་གཞག་སོགས་ཆ་རྐྱེན་ཡོངས་སུ་རྫོགས་པ་ཞིག་ང་ཚོར་ཕ་མེས་ནས་རྒྱུན་འཛིན་གཅེས་ཉར་བྱེད་བཞིན་ཡོད། དགོན་པ་གྲྭ་ཚང་ཙམ་མིན་པར་བོད་རིགས་གཞོན་སྐྱེས་བྱིས་པ་ཚུན་གྱིས་ངེས་པར་བརྩིས་ལེན་དགོས། མ་སྐྱིད་པ་དེ་དག་སྨན་བཟས་ནས་མེད་པ་བཟོ་མི་ཐུབ། དེ་བཞིན་སྤྲོ་སྐྱིད་སོགས་བཏང་ནས་སེམས་མ་སྐྱིད་པ་དེ་གནས་སྐབས་རིང་མེད་པ་བཟོ་ཐུབཀྱང་རྩ་མེད་བཟོ་མི་ཐུབ། སེམས་ལ་སྡུག་བསྔལ་སོགས་དོན་དམ་མེད་པ་བཟོ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ཐབས་ལམ་རྨད་དུ་བྱུང་བ་རྣམས་ཉམས་ལེན་དང་གོམས་འདྲིས་གནང་ཐུབ་ན་དེ་དག་རྩ་མེད་དུ་བཟོ་ཐུབ། གོང་དུ་ཞུས་པ་བཞིན་འཛམ་གླིང་ཡོངས་ཀྱི་རེ་ལྟོས་བྱེད་ས་ཞིག་ཡིན། བོད་རིགས་གཞོན་སྐྱེས་རྣམས་སྤུས་ཚད་ལྡན་པ་ཞིག་དང་། རྒྱུ་མཚན་དོན་དང་ལྡན་པ་ཞིག་གི་སྒོ་ནས་རྩིས་སྤྲོད་ཐུབ་ན་ཁོང་རྣམས་ང་ཚོའི་རིག་གཞུང་རྒྱུན་སྐྱོང་བྱེད་མཁན་ཞིག་ཡིན། གནའ་སྔ་མོ་དགོན་པ་གྲྭ་ཚང་ཁག་རེ་ལྟོས་བྱེད་ཡུལ་གཙོ་བོ་ཆགས་ཀྱི་ཡོད། ད་ལྟའི་ཆར་དགོན་པ་ཙམ་མིན་པར་སློབ་གཉེར་ཁང་དང་། སློབ་གྲྭ། དེ་བཞིན་གཞོན་སྐྱེས་རྣམས་ལ་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་རེ་བ་རྒྱག་རྒྱུ་ཡོད། དེའི་ཐོག་ཏན་ཏན་རྒྱུ་ཆ་སྐྲུན་ཐུབ་པ་ཡིན་ན་ལམ་ཁ་ཞིག་ཡོད་པ་རེད། ཐུགས་རྗེ་ཆེ། །