ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་མི་ནི་སོ་ཊར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་ཆེན་ཐེངས་༡༧ པའི་གཙོ་སྐྱོང་གནང་རྗེས། ཨ་རིའི་མངའ་སྡེ་ཝི་སིན་ཀོན་སིན་ཁུལ་ལ་ཆེད་ཕེབས་ཀྱིས་ཡུལ་དེར་རྟེན་གཞི་བྱས་པའི་རི་དྭགས་ནགས་སྐྱེད་ཚལ་གྱི་ཆོས་ཚོགས་སུ་གནས་མཇལ་དང་དགོན་པའི་མཁན་པོ་མཆོག་མཇལ་ཁ་ཞུས།
གོང་ཚེས་ཉིན་གྱི་དགོང་དྲོའི་ཆུ་ཚོད ༦།༣༠ ཐོག་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་། ཝི་སིན་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་ནས་ས་གནས་ཀྱི་ལས་བསྡོམས་སྙན་སེང་ཞུས་པའི་ནང་དོན་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་སྒྱུར་ནམ་སྐྱོང་སྐབས་དང་། ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་ས་གནས་གྲོང་ཁྱེར་འཐུས་མིའི་ལས་ཁང་city council hall ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྲོལ་ཡོད་པ་དང་།
ཡང་མངའ་སྡེ་གཞུང་གིས་བོད་ཀྱི་སྐད་ཡིག་དེར་མངའ་སྡེའི་གཞུང་གིས་ངོས་འཛིན་ཡོད་པའི་སྐད་ཡིག་ language excess ཁོངས་བཞག་ཡོད་པ་སོགས་ཞུས་ཡོད། སྐུ་ཚབ་དོན་གཅོད་མཆོག་གིས་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནམ་ཡང་རྗེད་མི་རུང་བ་དང་། བོད་མིའི་སྒྲིག་འཛུགས་དེ་སོ་སོའི་གཞུང་ཡིན་པ་དེའང་རྗེད་མི་རུང་བ། རང་ཉིད་བོད་མི་ཞིག་ཡིན་པ་དུས་རྟག་ཏུ་སྙིང་བཅང་བྱེད་དགོས་པ་སོགས་གསུང་བཤད་གནང་། སྐུ་ཚབ་དོན་གཅོད་མཆོག་གི་ལྷན་དུ་དོན་གཅོད་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་བཅར་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་སྐུ་ཚབ་དོན་གཅོད་མཆོག་ཝི་སི་ཀོན་སིན་ནས་ཤིས་ཁ་གོ་ལ་ཕེབས་རྒྱུ་ཡིན་པ་བཅས། །