ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་གྲོང་ཁྱེར་ཤིས་ཁ་གོ་ནང་ཡོད་པའི་ཝེ་སེ་ཌན་མགྲོན་ཁང་ཆེན་མོའི་ནང་འཛམ་གླིང་ཧིན་དུའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཀའ་ཤག་གི་སྐུ་ཚབ་བྱས་ནས་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་དང་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་འཛམ་གླིང་ཧིན་དུའི་ཚོགས་ཆེན་ཐེངས་གཉིས་པ་ (World Hindu Congress-2018) དེ་ཉིད་ཤིས་ཁ་གོ་གྲོང་ཁྱེར་ནང་ཡོད་པའི་ཝེ་སེ་ཌན་མགྲོན་ཁང་ཆེ་མོའི་ནང་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ནས་ ༩ བར་ཚོགས་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་སྐུ་ཚབ་དོན་གཅོད་མཆོག་དབུ་འབྱེད་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་དང་། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཧིན་དུའི་ཆབ་སྲིད་གྲོས་གླེང་ཚོགས་འདུ་ (Hindu Political Conference) དང་། (World Hindu Democratic Forum) ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ནང་མཉམ་ཞུགས་གནང་ནས་ཁོང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་གཙང་པོ་སྲུང་སྐྱོབ་མ་བྱས་ན་རྒྱ་གར་གཙོས་ཨེ་ཤི་ཡ་ལྷོ་གླིང་ནང་འཚོ་གནས་བྱས་པའི་མི་དུང་ཕྱུར་མང་པོའི་ཚེ་སྲོག་དང་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་ནས་བོད་ཀྱི་གཙང་པོ་ལ་ཆུ་མཛོད་གསར་རྒྱག་དང་། བོད་ཀྱི་ཁོར་ཡུག་ལ་འབག་བཙོག་བཟོ་བཞིན་པ་དེ་འགོག་ཐབས་དགོས་པ་ཚང་མའི་ལས་འགན་ཡོད་ལུགས་སོགས་གསུང་།
གཏམ་བཤད་གནང་མཁན་ནང་བལ་པོ་དང་། ཤྲི་ལངྐ། རྒྱ་གར། ལྷོ་ཨ་ཧྥེ་རི་ཀ སུ་ཌན། ཨ་རི་སོགས་ཀྱི་སྐུ་ཚབ་མཉམ་བགྲོ་གླེང་གནང་། འཛམ་གླིང་ཧིན་དུའི་ཚོགས་ཆེན་གཉིས་པའི་ནང་ཁྱོན་བསྡོམས་རྒྱལ་ཁབ་ ༦༠ ནས་འཐུས་མི་ ༢༥༠༠ ཕེབས་ཡོད་འདུག་པ་བཅས། །