ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡ ནས་ཚེས་ ༣ ཉིན་གྲངས་གསུམ་རིང་མིན་ཡ་ན་པོ་ལི་སི་རུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༧ བསྐོང་ཚོགས་གནང་འདུག སྐབས་དེར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཆོགས་པ་ཁག་ ༢༡ ནས་སྐུ་ཚབ་འཐུས་མིས་མཉམ་ཞུགས་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས་ཚོགས་ཆེན་དུ་བཀའ་ཤག་གི་སྐུ་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བརྟན་ཕྱིར་བོད་མི་ཚོས་ཕྱི་ནང་གསང་གསུམ་གྱི་ཐོག་ནས་སྨོན་ལམ་བརྒྱག་དགོས་པའི་འབོད་སྐུལ་ཞུས། ཕྱིའི་ཐོག་ནས་མགོན་པོ་གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་བརྟན་ཕྱིར་སྨོན་ལམ་གསོལ་འདེབས་ལ་འབུངས་དགོས་པ། ནང་གི་མཆོད་པ་ནི་མགོན་པོ་གང་ཉིད་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ། གསང་བའི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འགྲོ་གཞིའི་རིགས་་གཏན་ནས་མི་བྱེད་པ་བྱ་རྒྱུ་ཡིན་སྐོར་གསུངས།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་༸གོང་ས་༸སྐྱབས་མཆོག་གིས་བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་བཅས་ལ་བརྟག་དཔྱད་རིམ་པ་མཛད་རྗེས་བབས་ལྷིང་བརྟན་གསུམ་གྱིས་གཏན་འབེབས་མཛད་པ་ལས་ཧོལ་རྒྱུག་གིས་ཐུགས་ཐག་བཅད་པ་དེ་འདྲ་རྩ་བ་ནས་མིན་སྐོར་གསུངས།
དེ་རྗེས་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཉིན་གསུམ་རིང་གི་ཚོགས་ཆེན་གྱི་བརྗོད་གཞི་ངོ་སྤྲོད་དང་འགྲེལ་གནང་སྐབས། ༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་རིར་གདན་ཞུ་དང་སྦྲགས་བརྟན་བཞུགས་བསྟར་འབུལ་ཞུ་འཆར། ༢༽ བྱང་ཨ་རིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཇི་ལྟར་གཏོང་དགོས་པའི་གནད་དོན། ༣༽བོད་དོན་ཞུ་གཏུག་ལས་འགུལ་ཤུགས་ཆེ་གཏོང་རྒྱུ། ༤༽བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱ་དགོས་པ། ༥༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་བསྲ་བརྟན་བཟོ་ཐབས་བཅས་དོན་ཚན་རེ་རེ་བཞིན་སྒྲོགས་སྦྱངས་གནང་།
དེ་རྗེས་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་དང་པདྨ་ཕྱག་མཛོད་ཚང་ལགས་རྣམ་གཉིས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་མིའི་གནས་སྟངས་ཐོག་ཚོར་བ་ཤུགས་ཆེ་བཏོན་པ་དང་སྦྲགས། བྱང་ཨ་རིའི་ནང་གི་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་གནང་རྒྱུས་མཚོན་བོད་དོན་ཐོག་ལས་འགུལ་རྒྱ་ཆེ་སྤེལ་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད།
གཞན་ཡང་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་དང་། ཌི་སིའི་དོན་ཁང་དྲུང་ཆེ་ཚེ་རིང་བཀྲ་ཤིས་ལགས། དེ་བཞིན་ཨ་རི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
དེ་རྗེས་ཆོས་རིག་བཀའ་བློན་མཆོག་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ཏེ་ལོ་ ༢༥ འཁོར་བའི་དུས་ཆེན་དང་བསྟུན། མི་ནི་སོ་ཊའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ལྷན་ཞུགས་གནང་ཡོད་འདུག སྐབས་དེར་མི་ནི་སོ་ཊའི་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་མཱག་ཌེ་ཊོན་ Mark Daytonམཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་ཡོད་པ་བཅས།།