༢༠༡༨ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ནས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་མ་ཟད། དེ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ནས་ ༢༠ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས་གོ་སྒྲིག་གནང་ཡོད།
ད་ཐེངས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་གཏན་འཁེལ་འདུག ཐེངས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཇི་ལྟར་དགོས་པའི་གནད་དོན་ཐོག་མཁས་པ་དང་སློབ་སྟོན་པ། ཉམས་ལེན་པ། རོགས་ཚོགས་ཁག་སོགས་ནས་ཁྱོན་མི་གྲངས་ ༢༠༠ ལྷན་འཛོམས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཇི་ལྟར་དགོས་པ་དང་། བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག
དེ་ཡང་བརྗོད་གཞི་དང་པོ། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་དོན་ཚགས་ཚུད་སྤེལ་ཕྱོགས། བོད་ཀྱི་སྒྱུ་རྩལ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་གནད་དོན་ཐོག་གོ་བསྡུར་གནང་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་ལས་གཞི་གོང་སྤེལ་བརྒྱུད་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་རྒྱུའི་ཐད་གོ་བསྡུར་གནང་སྐབས་བརྗོད་གཞི་གཙོ་བོ་སྐྱབས་བཅོལ་བའི་གནས་སྟངས་དང་། གཞོན་སྐྱེས་དང་འབྲེལ་བའི་གནད་དོན་ཁག སོ་ནམ་འདེབས་ལས། དཔལ་འབྱོར་ཞབས་ཞུ། སྒེར་གྱི་ཁེ་གཉེར་ཚོང་ལས་སྤེལ་མཁན། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་བཙན་བྱོལ་བའི་ལས་འགན་བཅས་ཀྱི་སྐོར་གོ་བསྡུར་གནང་རྒྱུ་ཡིན་འདུག
ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་གོ་བསྡུར་གནང་སྐབས་གཙོ་ཆེར་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གོང་མཐོར་གཏོང་རྒྱུ། སློབ་གྲྭའི་ནང་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཐབས་ལམ། མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནད་དོན། གཞི་རིམ་ཤེས་ཡོན་སྲིད་བྱུས། རིག་གཅིག་རྐང་འཛིན་གསོ་སྐྱོང་བཅས་ཡིན་པ་དང་། འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་སྐོར་གོ་བསྡུར་གནང་སྐབས་གཙོ་ཆེར་བོད་མི་བཙན་བྱོལ་བ་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཇི་འཕྲད་དང་། དཔལ་འབྱོར་བོད་མིའི་འཕྲོད་བསྟེན་ལས་གཞི་གོང་སྤེལ་སླད་དཔལ་འབྱོར་གྱི་རྒྱབ་རྟེན་སྲ་བརྟན་བཟོ་ཐབས། བོད་ཀྱི་གསོ་བ་རིག་པའི་ནུས་པ་དང་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་སོགས་ཡིན་འདུག ལྷན་ཚོགས་དེར་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རི་ཐེབས་རྩ་ཁང་ USAID ཡིན་འདུག །