ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །སུད་སི་དང་ལེག་ཊི་ཡན་སན་ཁུལ་དུ་རྟེན་གཞིས་བྱས་པའི་བོད་རིགས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཐོག་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱི་རོལ་དུ། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཤུགས་ཆེ་སྤེལ་བ་བརྒྱུད། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཐོབ་ཐབས་གནང་འདུག
དེ་ཡང་བདུན་ཕྲག་སྔོན་མར་འགོ་འཛུགས་གནང་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༩ འགྲོ་མུས་སྐབས་འདིར་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་འདུག
བོད་མི་ཚོས་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་གསར་འདེམས་བྱུང་བ་ལྕམ་སྐུ་མི་ཤལ་སྦ་ཆེ་ལེཊ་ Michelle Bachelet མཆོག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལ་ཤོག་བུ་བཞི་ཅན་གྱི་ཞུ་སྙན་ཞིག་འཕུལ་བ་བརྒྱུད་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྡལ་བཤིག་ཇི་ཙམ་གཏོང་བཞིན་ཡོད་པ་གསལ་འདོན་རྒྱས་བཤད་གནང་འདུག
ཞུ་སྙན་དེ་ལྟར་ན་མཉམ་སྦྲེལ་རྒྱུལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་་་
༡ ༽ གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ།
༢༽ བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་དང་དྲག་གནོན་གྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་པ།
༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པ།
༤༽ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མཆོག་དང་དམིགས་བསལ་ཆེད་ལས་རྟོག་ཞིབ་མི་སྣ་བོད་ནང་ཕེབས་བཅུག་དགོས་པ།
༥༽ རྒྱལ་སྤྱིའི་གསར་འགོད་པ་བོད་ནང་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་དངོས་གནས་སྟངས་རྟོག་ཞིབ་བྱེད་བཅུག་དགོས། ཞེས་འཁོད་འདུག
དེ་ཡང་ས་གནས་འབྲེལ་ཡོད་བོད་རིགས་སྤྱི་མཐུན་ཆོགས་པའི་ཚོགས་གཙོས། “བོད་མི་ཚོས་རྒྱ་ནག་དང་ལྷན་གཉིས་སྨན་གྱི་ཐབས་ལམ་འཚོལ་ཐབས་བྱེད་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་ངོས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲོད་དགོས་པ་སྔར་བས་ཛ་དྲག་དང་དགོས་གལ་ཆེ་བ་ཆགས་འདུག “ཅེས་གསུངས། །