ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པ་གཤམ་གསལ།
གསར་འགོད་པ།
ཐོག་མར་བདེ་སྲུང་བཀའ་བློན་མཆོག་ལ་འཚམས་འདྲི་ཞུ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་གནད་དོན་དེ་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། དེར་བརྟེན་བདེ་སྲུང་ལས་ཁུངས་ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཐད་ལ་ལས་དོན་ཇི་སྤེལ་གསལ་བཤད་གནང་རོགས།
བཀའ་བློན་མཆོག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཐད་ལ་གཙོ་བོ་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་མངའ་སྡེའི་གཞུང་གཉིས་ཀྱིས་༸སྐུ་སྲུང་གི་གནས་རིམ་ཚད་མཐོ་ཤོས་དེ་ཕུལ་ཡོད། དེར་བརྟེན་ང་རང་སྒེར་གྱིས་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་མངའ་སྡེའི་གཞུང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་མངའ་སྡེའི་གཞུང་གཉིས་ཀྱིས་གཙོས་བདེ་སྲུང་ལས་ཁུངས་ནས་ད་བར་༸རྒྱལ་བའི་༸སྐུ་ཕྱྭའི་ཐད་ལ་དངོས་གནས་ཧུར་ཐག་འབད་ཐག་གནང་དང་གནང་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན།
༸རྒྱལ་བའི་༸སྐུ་ཕྱྭ་དེ་གལ་ཆེའི་ནང་གི་དོན་ཆེ་ཡིན་པར་བརྟེན་ང་ཚོས་འབྲེལ་ཡོད་སྐུ་སྲུང་བ་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་བཅས་ལ་ཆེད་དམིགས་ཀྱིས་སྦྱོང་བརྡར་སྤྲད་ཐུབ་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་སྩོལ་སྐབས་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ས་གནས་གང་དུ་བསྐྱངས་པའམ་སྐྱོང་བཞིན་པའི་སྐབས་སུའང་། རྒྱ་གར་གཞུང་དང་མཉམ་རུབ་ཐོག་བདེ་སྲུང་ལས་ཁུངས་ནས་༸རྒྱལ་བའི་༸སྐུ་ཕྱྭའི་ཐད་ད་བར་འཐུས་ཤོར་བཏང་མེད། མ་འོངས་པར་ཡང་༸རྒྱལ་བའི་༸སྐུ་ཕྱྭའི་ཐད་ལ་བདེ་སྲུང་ལས་ཁུངས་ཀྱིས་དངོས་གནས་ཧུར་ཐག་འབད་ཐག་གིས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་ཞུ་རྒྱུ་མ་ཟད། ༸རྒྱལ་བའི་༸སྐུ་ཕྱྭའི་ཐད་བདེ་སྲུང་ལས་ཁུངས་ཀྱིས་འགན་འཁུར་ཞུ་ཕྱོགས་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་བསྔགས་བརྗོད་རྒྱ་ཆེ་གནང་བྱུང་། ༸རྒྱལ་བ་རིན་པོ་ཆེའི་༸སྐུ་ཕྱྭའི་གནད་དོན་དེ་བོད་ཀྱི་རྩ་དོན་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་ཐུག་ཡོད།
སྤྱིར་༸རྒྱལ་བའི་༸སྐུ་ཕྱྭའི་གནད་དོན་དེ་བདེ་སྲུང་ལས་ཁུངས་གཅིག་པུའི་འགན་ཡིན་པ་ལྟ་བུར་མ་བརྩི་བར་མགོན་པོ་གང་གི་གདུལ་ཞིང་དུ་སྐྱེ་བའི་མགོ་ནག་བོད་མི་ཡོད་དོ་ཅོག་གི་འགན་ཡིན་བསམས་པའི་འདུ་ཤེས་འཛིན་དགོས་པ་གལ་ཆེ་ཡིན་པ་ནི་སྨྲོས་མེད་ཡིན། ༸རྒྱལ་བའི་༸སྐུ་ཕྱྭར་གནོད་གཞིའི་གནས་ཚུལ་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་འབྲེལ་ཡོད་བདེ་སྲུང་ལས་ཁུངས་དང་རྒྱ་གར་གཞུང་ལ་དུས་ཐོག་ཐད་ཀར་ཞུ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ཅེས་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན།
གསར་འགོད་པ།
ན་ནིང་རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་དེབ་དྲ་ཐོག་བརྒྱུད་དེབ་སྐྱེལ་ཞུ་ཕྱོགས་ online registration ཐད་བཀོད་རྒྱ་ཞིག་བཏང་ཡོད། གནད་དོན་དེའི་ཐད་བཙན་བྱོལ་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡོད། བདེ་སྲུང་ལས་ཁུངས་ནས་གནད་དོན་དེའི་ཐོག་ཐུགས་འགན་བཞེས་ཕྱོགས་ཇི་འདྲ་ཡིན་ནམ།
བཀའ་བློན་མཆོག
རྒྱ་གར་གཞུང་གིས་བོད་མིའི་སྐྱབས་བཅོལ་ལག་དེབ་ཆ་ཚང་སླད་ཕྱིན་དྲ་ཐོག་བརྒྱུད་དེབ་སྐྱེལ་ཞུ་དགོས་པའི་སྐོར་བཀོད་རྒྱ་ཞིག་བཏང་ཡོད། བཀོད་རྒྱ་འབྱོར་འཕྲལ་བདེ་སྲུང་ལས་ཁུངས་ཀྱིས་ནང་སྲིད་ལས་ཁུངས་བརྒྱུད་བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་ལ་དེ་ལུགས་ལམ་སྟོན་ནན་འདྲོངས་ཡོང་བའི་འབོད་སྐུལ་ལྟར་གསལ་བསྒྲགས་སྤེལ་ཡོད། འོན་ཀྱང་བོད་མི་གནས་སྡོད་ས་ཁུལ་ཁག་ཅིག་ཁུག་ཀྱོག་ཡིན་པ་མ་ཟད། དྲ་ཐོག་བརྒྱུད་དེབ་སྐྱེལ་བྱ་རྒྱུར་མཐུན་རྐྱེན་མེད་སྟབས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། འདི་ལས་ནས་དཀའ་ངལ་རྣམས་འབྲེལ་ཡོད་རྒྱ་གར་གཞུང་ལ་དུས་ཐོག་སྙན་སེང་ཞུས་ཏེ་ད་ཆ་དྲ་ཐོག་བརྒྱུད་དེབ་སྐྱེལ་ཞུ་རྒྱུའི་དུས་ཚོད་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ བར་འཕར་འགྱངས་གནང་ཐུབ་ཡོད། དེར་བརྟེན་འབྲེལ་ཡོད་ཚང་མས་ཕྱི་ཟླ་ ༩ ཚེས་ ༣༠ སྔོན་ལ་དྲ་ཐོག་བརྒྱུད་དེབ་སྐྱེལ་ཞུ་ཐུབ་པ་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་དགུང་གྲངས་དྲུག་ཅུ་ཡན་དང་རྒན་གསོ་ཁང་དུ་བགྲེས་སོང་རྣམས་ལ་སྐྱབས་བཅོལ་ལག་དེབ་དུས་ཐོག་དེབ་སྐྱེལ་བྱ་རྒྱུ་བདེ་སྲུང་ཡན་ལག་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་ཞུས་དང་ཞུ་མུས་ཡིན།
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་འབྲུག་དང་བལ་ཡུལ་ཁུལ་དུ་གནས་སྡོད་བོད་མི་རྒྱ་གར་ནང་སློབ་སྦྱོང་བྱེད་བཞིན་པ་དང་། བོད་ནས་གསར་དུ་འབྱོར་བ་ཁག་གཅིག་ལ་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་སེལ་ཐབས་སུ་རྒྱ་གར་དབུས་གཞུང་ལ་འབོད་སྐུལ་ཞུས་པ་ལྟར། འདི་ལོར་རྒྱ་གར་དབུས་གཞུང་གིས་བོད་མི་ ༩༥༥ ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་ཆོག་པའི་བཀའ་འཁྲོལ་བཀོད་ཁྱབ་གནང་བ་བཞིན་ལས་དོན་འགྲོ་མུས་ཡིན།
གསར་འགོད་པ།
བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དེ་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་རེད། ཉེ་བའི་ཆར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་མཁན་ཇེ་ཉུང་དུ་སོང་ཡོད་སྟབས་ད་ལྟའི་ཆར་སྣེ་ལེན་ཁང་གི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
བཀའ་བློན་མཆོག
སྣེ་ལེན་ཁང་དེ་གཙོ་བོ་བོད་ནས་རྒྱ་གར་ལ་ཕེབས་མཁན་ཚོའི་ཆེད་དུ་བཙུགས་པ་ཞིག་ཡིན་སྟབས་བོད་ནས་ཕེབས་མཁན་མང་ཉུང་ལ་མ་ལྟོས་པར་རྡ་ས་དབུས་སྣེ་ལེན་ཁང་གིས་གཙོས་ཡན་ལག་ལྡི་ལི་དང་བལ་ཡུལ་སྣེ་ལེན་ཁང་བཅས་ནས་ད་བར་བོད་ནས་ཕེབས་མཁན་ཚོར་མཐུན་འགྱུར་རོགས་རམ་ཞུས་དང་ཞུ་མུས་ཡིན།
བོད་ནས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་དང་བཀའ་ཆོས་སོགས་སྩོལ་སྐབས་ཆེད་མངགས་བཅར་མཁན་བོད་རིགས་སྤུན་ཟླ་རྣམས་ལ་ད་བར་སྣེ་ལེན་ཁང་ནས་སྡོད་གནས་དང་ཞལ་ལག་སོགས་མཐུན་འགྱུར་གོ་སྒྲིག་གང་ཐུབ་ཞུས་ཡོད། དེར་བརྟེན་གཞིས་བཞུགས་ཆོས་ཞུ་བ་མང་པོས་སྣེ་ལེན་ཁང་གི་ལས་དོན་གནང་ཕྱོགས་ཐད་བསྔགས་བརྗོད་དང་དགའ་ཚོར་ཆེན་པོ་གནང་གི་འདུག
གསར་འགོད་པ།
བར་ལམ་སྤྱི་ཚོགས་དྲ་རྒྱའི་སྟེང་རྩོམ་རིགས་འདྲ་མིན་སྤེལ་ཏེ་བོད་རིགས་ནང་ཁུལ་མདའ་དཀྲུག་ཕུ་དཀྲུག་བཟོ་རྒྱུའི་བྱ་སྤྱོད་རིགས་མང་པོ་ཞིག་སྤེལ་བཞིན་འདུག་པ་དེའི་ཐོག་བདེ་སྲུང་ལས་ཁུངས་ནས་འགན་འཁུར་བཞེས་ཕྱོགས་གང་ཡིན་ནམ།
བཀའ་བློན་མཆོག
སྤྱིར་དེང་སྐབས་བོད་པའི་སྤྱི་ཚོགས་ནང་ཆེད་མངགས་གནས་ཚུལ་དངོས་སམ་ཡང་ན་དཀྲོག་གཏམ་རིགས་སྤེལ་བཞིན་པ་མ་ཟད། ཡི་གེ་འབྲི་མཁན་གྱི་མིང་སོགས་ཁ་གསལ་གང་ཡང་མེད་པའི་ཡིག་ཁྱམ་རིགས་མང་པོ་ཞིག་སྐབས་རེ་རྩོམ་རིགས་ངོ་བོ་དང་སྐབས་རེ་མཆན་གྱི་ངོ་བོའི་ཐོག་ནས་བཀོད་དེ་བོད་པའི་སྤྱི་ཚོགས་དཀྲུག་རྒྱུར་འབད་བརྩོན་གང་ཡོད་བྱེད་བཞིན་འདུག བྱེད་སྟངས་དེ་རིགས་ལ་བདེ་སྲུང་ལས་ཁུངས་ནས་ནམ་རྒྱུན་དུ་གཟབ་དྲུང་ངང་དོ་སྣང་བྱེད་པ་ཙམ་མ་ཟད། སྐབས་བསྟུན་ཞིབ་འཇུག་དགོས་རིགས་ལ་འཛེམས་ཟོན་རྩ་བ་ནས་མེད་པར་རང་འཁྲིད་འགན་ཁུར་ཞུས་དང་ཞུ་མུས་ཡིན།
གསར་འགོད་པ།
མཐའ་མ་དེར་སྐུ་ངོ་མཆོག་གིས་མང་ཚོགས་ལ་དམིགས་བསལ་གསུང་དགོས་པ་དེ་འདྲ་ཡོད་དམ།
ཕྲན་རང་ཉིད་ས་གནས་གང་དུ་སྐྱོད་ནས་མི་སུ་འདྲ་ཞིག་དང་ཐུག་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་གནད་དོན་ནི་བདེ་སྲུང་ལས་ཁུངས་ཀྱི་ལས་འགན་ཚང་མའི་ནང་ནས་གཙོ་བོར་འཛིན་བཞིན་ཡོད་པ་གསལ་བཤད་ཞུ་བཞིན་ཡོད། སྤྱིར་བདེ་སྲུང་ལས་ཁུངས་ཀྱིས་༸རྒྱལ་བའི་སྐུ་ཕྱྭའི་གནད་དོན་ཐད་འགན་ཁུར་ཞུ་བཞིན་ཡོད་ཀྱང་གོང་དུ་ཞུས་ཟིན་པ་ལྟར། བདེ་སྲུང་ལས་ཁུངས་གཅིག་པུའི་ནུས་པ་འདང་གི་མ་རེད། ༸རྒྱལ་བའི་༸སྐུ་ཕྱྭ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་ཐུག་ཡོད་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་འགན་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་བཞིན་འདུག དེར་བརྟེན་༸རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མཐོང་ཐོས་རིགས་གང་ཡང་བྱུང་ཚེ་འཕྲལ་དུ་བདེ་སྲུང་ལས་ཁུངས་དང་རྒྱ་གར་འབྲེལ་ཡོད་ལས་ཁུངས་སུ་སྙན་གསང་ཞུ་ཐུབ་ཚེ་ཆུ་མ་ཡོང་གོང་གི་ཆུ་རགས་དང་རྐྱེན་མ་ཡོང་གོང་གི་བཟློག་པ། ཟེར་བ་ལྟར་ཕན་ཐོགས་ཧ་ཅང་ཡོང་རྒྱུ་རེད་བསམ་གྱི་འདུག དེ་བཞིན་མང་ཚོགས་རྣམས་ནས་ཀྱང་ངེས་པར་དགོངས་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཕྱི་དྲིལ་བོད་ཡིག་ཚན་པས་སྒྲ་ཕབ་རྩོམ་སྒྲིག་ཞུས།