༢༠༡༨ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་རྒྱ་གར་ཧིན་དུ་ (The Hindu) ཞེས་པའི་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ཉིན་གཱན་དི་གོ་ལའི་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ཨེ་སི་ཝི་ཀེ་ཡན་ S. Vijayan ལགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ།
བདག་ཉིད་ཆེན་པོ་གཱན་དྷིའི་མཚན་ཐོག་ནས་འཚེ་མེད་ཞི་བའི་གཟེངས་རྟགས་Gandhidarsan International Awardཞེས་པ་འབུལ་རྒྱུའི་མི་སྣའི་ཁྲོད་ཐེངས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་འདེམས་ཐོན་བྱུང་བ་དང་། དེ་ཡང་གཱན་དི་གོ་ལའི་ཐེབས་རྩ་ཁང་གིས་འཚེ་མེད་ཞི་བའི་ལས་དོན་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ཅན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་དབུ་ཁྲིད་ལ་བདག་ཉིད་ཆེན་པོ་གཱན་དྷིའི་མཚན་ཐོག་ནས་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར་འདི་ལོར་རྒྱལ་སྤྱིའི་དབུ་ཁྲིད་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཚན་འདེམས་ཐོན་བྱུང་ཡོད། གཟེངས་རྟགས་དང་ལྷན་ཧིན་སྒོར་འབུམ་གསུམ་དང་། གཱན་དྷིའི་བཀའ་སློབ། དེ་བཞིན་དཔེ་དེབ་བཅས་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་བཅས།།