ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་སུད་སིར་རྟེན་གཞི་བྱས་པའི་ནོར་བཟང་ཐེབས་རྩ་ཚོགས་པས་དཔལ་འབྱོར་མཐུན་འགྱུར་རོགས་རམ་འོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་གི་རྨང་གཞི་འདིང་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་དབུས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་ཁག་གཅིག་གིས་སྔོན་འགྲོའི་ཞབས་རིམ་ཁག་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ངག་དབང་ཡོན་ཏན་ལགས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་སོགས་ལྷན་འཛོམས་ཀྱིས་ཐོག་མར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་ཁག་གཅིག་གིས་རབ་གནས་གནང་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྨང་གཞི་འདིང་སྟེ་པང་རྡོ་ཞལ་ཕྱེ་གནང་།
སྐབས་དེར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་གསུང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཆོས་རིག་བཀའ་བློན། ཤེས་རིག་དྲུང་ཆེ་བཅས་འདིར་ཕེབས་པ་དང་། ང་རང་དང་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་ལགས་འདིར་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་བྱུང་། དེ་རིང་བོད་ཟླ་ ༨ ཚེས་ ༨ གཟའ་སྐར་འཕྲོད་སྦྱོར་ཧ་ཅང་ཡག་པོ་རེད་འདུག་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཚོགས་ཁང་འདི་ཉིད་སྔོན་མ་ལས་བཟང་བ་ཆགས་ཀྱི་རེད། དེར་བརྟེན་གཞོན་སྐྱེས་ཚོས་ཧུར་ཐག་འབད་ཐག་གནང་རོགས། བོད་པའི་རིག་གཞུང་ཉག་ཕྲ་པའི་སྒང་ཡོད་སྟབས། གཞོན་སྐྱེས་ཚོ་གཅིག་རྗེས་གཉིས་མཐུད་ཕྱིན་པ་ཡིན་ན་སྐྱོ་བོ་ཆགས་འགྲོ་གི་རེད། ད་བར་ཧུར་ཐག་གནང་བ་རེད་ད་དུང་ཡིན་ནའང་མུ་མཐུད་ཧུར་ཐག་གནང་ན་ཡག་ཐོག་ཡག་བརྩེགས་རེད། གལ་ཏེ་ཚོགས་ཁང་ཡག་པོ་ཡོད་ནའང་མི་ལྔ་དྲུག་ལས་མེད་ན་ཧ་ཅང་སྐྱོ་བོ་ཆགས་ཀྱི་རེད། ཚང་མས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་བཞིན་སྒྲུབ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། དེ་རིང་འདིར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་དབུས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམ་པ་འདིར་ཆེད་ཕེབས་ཀྱིས་རབ་གནས་དང་སྔོན་འགྲོའི་ཞབས་རིམ་ཁག་གསུང་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་རེས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་གི་ལས་གཞི་དབུ་འཛུགས་གནང་གི་ཡོད་པ་རེད། ཚོགས་ཁང་གསར་རྒྱག་སླད་སུད་སིར་ཡོད་པའི་ནོར་བཟང་ཐེབས་རྩ་ཚོགས་པ་ནས་རོགས་དངུལ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་སྦྲགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཀྱང་མཐུན་འགྱུར་སྦྱར་ཏེ་ཕལ་ཆེར་ཞབས་སྟེགས་དྲུག་བརྒྱ་ཡོད་པའི་ཚོགས་ཁང་ཞིག་རྒྱག་གི་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མ་ཀ་སྦུག་ཏུ་བཙུགས་པ་རེད། དེ་ནས་མ་སུ་རིར་འཁྱུག་ཙམ་སྤོས་ཏེ་ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༥ ནང་རྡ་སར་སྤོས་གནང་བའི་སྐབས་དེར་གཞས་སྣ་འཁྲབ་མཁན་ཕལ་ཆེར་མི་གྲངས་ ༡༡ ལས་ཡོད་ས་མ་རེད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས། ད་ལྟའི་ཆར་ཁྱེད་རང་ཚོ་ཉུང་ཤས་ལས་མེད་ཀྱང་ཚང་མས་འབད་བརྩོན་གནང་བ་ཡིན་ན། རིམ་པས་དར་འཕེལ་འགྲོ་གི་རེད། ཅེས་མ་འོངས་ལུང་བསྟན་གནང་བ་གཞིར་བཟུང་ལོ་ངོ་ ༦༠ རིང་མི་ཐོག་རྒན་པ་མང་པོ་ཞིག་གིས་སྐུ་ལས་བསྐྱོན་པར་བརྟེན་བོད་པའི་སྤྱི་ཚོགས་ནང་ཟློས་གར་གྱི་སྒྱུ་རྩལ་ངོམ་ཆོག་པ་ཞིག་ཆགས་ཡོད། རྒྱལ་སྤྱིའི་ཐོག་འཁྲབ་སྟོན་གནང་བའི་སྐབས་སུ་ཁྱད་ཆོས་གང་ཡོད་ཅེ་ན་གཞན་གྱི་ཡིད་འཕྲོག་ཐུབ། གཞས་ལ་མི་རིགས་དང་། རྒྱལ་ཁབ་སོགས་ཀྱི་ས་འཚམས་མེད་ཅེས་བརྗོད་སྲོལ་ཡོད།
བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མིན་པའི་གཞས་སྣ་ཁག་འཁྲབ་སྟོན་རིགས་ད་བར་སྤུས་དག་པོ་ཉར་ཐུབ་ཡོད། ལོ་རྗེས་མར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ ༦༠ འཁོར་ཀྱི་ཡོད་སྟབས། སྐབས་དེར་ཚོགས་ཁང་གསར་པ་དང་དེང་དུས་དང་མཐུན་པའི་ཆ་རྐྱེན་འཛོམས་པོ་ཡོད་ན། གཞས་སྣ་འཁྲབ་སྟོན་གནང་མཁན་ཚོ་ཡིན་ནའང་དགའ་སྤོབས་ཡོང་ངེས་རེད། བཀའ་ཤག་གི་འགན་ནི་ཕྱིའི་མཐུན་རྐྱེན་སྦྱར་རྒྱུ་དེ་གཙོ་བོ་རེད། ཀེའུ་ཚང་རིན་པོ་ཆེ་མཆོག་གིས་གསུང་པ་ནང་ལྟར། དགེ་རྒན་ལས་བྱེད་ཀྱིས་གཙོས་གཞས་སྣ་འཁྲབ་སྟོན་གནང་མཁན་ཡོངས་ནས་འགན་ཤུགས་ཆེན་པོ་འཁུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་གསུང་དོན། བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཁག་གི་ནང་ནས་གལ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད། བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་ཚོགས་པ་འདི་ཉིད་བཙུགས་གནང་ཡོད། དེ་ཡང་མི་མང་པོ་ཞིག་གིས་སྐུ་ལས་བསྐྱོན་པའི་དབང་གིས་ད་བར་རིག་གཞུང་འདི་ཧྲ་ཐག་ཐག་གནས་ཐུབ་ཡོད། ད་ལྟའི་ཆར་དཔལ་ལྡན་བཀའ་ཤག་གིས་ཐུགས་ཁུར་ཆེན་པོ་བཞེས་ཏེ་ཕྱིའི་འཛུགས་སྐྲུན་་སླད་འབོད་བརྩོན་ཤུགས་ཆེ་ཞུ་བཞིན་ཡོད། ཚོགས་ཁང་གསར་རྒྱག་སླད་ལོ་མང་རིང་ནས་ལས་གཞི་ཞིག་སྒྲིག་གནང་འདུག འོན་ཀྱང་དཔལ་འབྱོར་གྱི་གནས་བབ་ཆ་ནས་བྱུང་ཐུབ་མི་འདུག ཕྲན་རང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་བྱས་ནས་ལོ་ ༤ ཙམ་འགྲོ་བཞིན་ཡོད། ལོ་གཉིས་པ་ནས་བཟུང་ལས་གཞི་འདིའི་ཐོག་འཆར་གཞི་འགོ་བཙུགས་པ་ཡིན། དེ་རིང་ནས་ཚོགས་ཁང་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཀྱི་ཡོད། ཚོགས་ཁང་གསར་རྒྱག་སླད་སུད་སིར་རྟེན་གཞི་བྱས་པའི་ནོར་བཟང་ཐེབས་རྩ་ཁང་ནས་མ་དངུལ་གནང་བ་དང་། དེའི་སྒང་ལ་དཔལ་ལྡན་བཀའ་ཤག་གི་མཐུན་འགྱུར་གནང་རྒྱུ་དགོངས་བཞེས་གནང་ཡོད། ལས་གཞི་འདིའི་ཐོག་དམིགས་བསལ་ཁྱད་པར་ཅན་ནི། བཟོ་བཀོད་ཆེད་བོད་མི་ཁྱད་ལས་པ་ཞིག་སྐད་གཏང་ཡོད་སྟབས་གཞན་དང་མི་འདྲ་བ་ཞིག་ཡོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཅེས་གསུང་། །