ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྐུ་ཞབས་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་ཉི་ཧོང་གི་གཞུང་འཛིན་པ་གུ་ཡངས་མང་གཙོ་ཚོགས་པའི་ Liberal Democratic Party ཚོགས་གཙོ་སླར་ཡང་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས་ཉིན་འཚམས་འདྲི་ཕུལ་བའི་ནང་འཁོད་དོན།
སྐུ་ཉིད་སླར་ཡང་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བར་བརྟེན་ཉི་ཧོང་གི་སྲིད་འཛིན་ལས་ཡུན་རིང་ཤོས་གནང་མཁན་ཆགས་རྒྱུ་ཡིན་སྟབས་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུ་ཡིན།
སྐུ་ཉིད་མཆོག་སླར་ཡང་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བ་དེས་སྐུ་ཉིད་ཀྱི་ཡང་དག་པའི་དབུ་ཁྲིད་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་པ་གསལ་པོར་མཚོན་བཞིན་ཡོད་པ་མ་ཟད། ཨེ་ཤི་དང་འཛམ་གླིང་ཁྱོན་དུ་བཟང་ཕྱོགས་ཀྱི་བསྒྱུར་བ་གཏོང་རྒྱུའི་ནུས་པར་ཡིད་ཆེས་གནང་བ་ཞིག་ཆགས་ཡོད།
སྐུ་ཉིད་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། སྲིད་བྱུས་འདི་ནི་བོད་རྒྱ་གཉིས་སྨན་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཡིན་པར་ངས་ངོས་འཛིན་བྱེད་བཞིན་ཡོད།
ཉི་ཧོང་གཞུང་མང་གཉིས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་དང་གནང་མུས་ཡིན་པ་དེར་ངས་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་བཅས། །