༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་བོན་གཞིས་ཌོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་ཚོགས་གཙོ་མཆོག གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཆོས་རིག་དྲུང་ཆེ། བོན་བུ་ཁྱིམ་ཁང་གི་ངེས་སྟོན་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ་སོགས་ས་གནས་ཉིན་སློབ་ཏུ་ཕེབས་འབྱོར་སྐབས་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ནས་རུ་བསྟར་དང་རོལ་ཆ་རྡུང་བཞིན་པའི་མུར་ཕེབས་བསུ་གཟབ་རྒྱས་ཞུ་ཏེ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སློབ་སྤྱིས་སློབ་གྲྭའི་ངོ་སྤྲོད་གསུང་བཤད་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་འདིར་བཅར་དགོས་དོན་ནི་སྨན་རི་བའི་ཁྲི་འཛིན་ ༣༤ མཆོག་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོའི་ཐོག་བཅར་བ་དང་སྟབས་བསྟུན་སློབ་གྲྭར་ཁྱུག་ཙམ་བཅར་རོགས་གསུང་སོང་། དེ་དང་མཉམ་དུ་སྐད་ཆ་ཚིག་ཁ་ཤས་བཤད་དགོས་པའི་བཀའ་ཕེབས་སོང་། ངས་འདིར་བཀའ་མོལ་ཞུ་རྒྱུར་དམིགས་བསལ་གྲ་སྒྲིག་བྱེད་རྒྱུ་དེ་འདྲ་བྱུང་མ་སོང་། དེར་བརྟེན་དོན་དག་ཁ་ཤས་ཤིག་དང་གང་ཉུང་ཉུང་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ང་ཚོའི་གནས་སྟངས་ནི་ལུང་པ་གཞན་གྱི་གནས་སྟངས་དང་མི་འདྲ་བར་གནས་སྟངས་དམིགས་བསལ་བ་ཞིག་ཆགས་ཡོད།
དེར་བརྟེན་ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡིན་སྟབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་སློབ་སྦྱོང་བྱེད་སའི་སྡེ་ཚན་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ ༦༠ ཟིན་འགྲོ་གི་ཡོད་པ་རེད། དུས་ཡུན་དེའི་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། དེ་བཞིན་མི་རབས་རྒན་པ་རྣམ་པས་དམིགས་བསལ་ཐུགས་ཁུར་བཞེས་པ་དང་ལམ་སྟོན་གནང་བ། གཞན་ཡང་གནས་ཡུལ་རྒྱ་གར་གཞུང་ནས་དམིགས་བསལ་མཐུན་འགྱུར་གནང་བར་བརྟེན། སྤྱིར་ “བོད་” ཅེས་མིང་ཐོས་པ་ཙམ་གྱི་སེམས་ཁུར་སྐྱེ་གཞི་ལྟ་བུ་ཆགས་ཡོད་པ་དེ་འབྲེལ་ཡོད་ཚང་མས་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཡིན་སྟབས། ང་ཚོ་ཚང་མ་དགའ་བ་སྒོམ་དགོས་པ་ཞིག་རེད།
དེ་བཞིན་བོད་མི་ས་ཡ་དྲུག་གི་ནང་ནས་བོད་མི་མང་བ་བོད་ནང་ལྷག་ཡོད། ང་ཚོ་བཙན་བྱོལ་ནང་མི་འབོར་འབུམ་གཅིག་དང་ཁྲི་ལྔ་ཙམ་རྩི་གི་ཡོད་པ་རེད། དེའི་ནང་ནས་སློབ་ཕྲུག་གི་གྲངས་འབོར་ལ་མཚོན་ན་ཧ་ཅང་ཉུང་ཉུང་རེད། བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གི་སྲིད་བྱུས་ཧ་ཅང་གུ་དོག་པོ་དེའི་འོག་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་སྦྱང་བཤད་སྤེལ་གསུམ་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། ང་ཚོ་བོད་མི་ཚོར་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་ཕུལ་དུ་བྱུང་བ་ཞིག་ཡོད་སྟབས། སོ་སོའི་སྐད་ཡིག་ལ་རང་བཞིན་གྱིས་བློ་ཉེ་པོ་ཆགས་རྒྱུ་དང་། དམིགས་བསལ་སྦྱང་བརྩོན་བྱ་རྒྱུའི་ཀུན་སློང་དང་འདུ་ཤེས་ངང་གིས་སྐྱེ་བཞིན་ཡོད། དེར་བརྟེན་ང་ཚོས་རིག་གནས་དེ་དག་སྲུང་སྐྱོབ་དང་སྦྱང་བཤད་སྤེལ་གསུམ་ཐུབ་པ་བྱ་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་པའི་དམིགས་བསལ་ལས་འགན་ཡོད། དེ་བཞིན་དེ་དང་མཐུན་པའི་ཐོག་ནས་ཨིན་ཡིག་གིས་མཚོན་པའི་སྐད་ཡིག་གཞན་དང་།ཤེས་བྱ་གཞན་རིགས་ལ་དོ་སྣང་གནང་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ང་ཚོ་བོད་ཕྲུག་རྣམས་འདབ་ཤོག་གཉིས་ལྡན་དགོས་ཀྱི་ཡོད། ཅེས་བཀའ་སློབ་ཕེབས་བཞིན་ཡོད།
ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་ཤེས་བྱ་ཡོད་པ། ཕྱོགས་གཞན་ཞིག་ནས་དེང་དུས་ཀྱི་ཤེས་བྱ་དེ་ཚོར་ཡང་སོ་སོའི་རྣམ་དཔྱོད་ཀྱིས་ཁུངས་འཁྱོལ་ཐུབ་པའི་སློབ་སྦྱོང་དགོས་ཀྱི་ཡོད། དེ་ལྟ་བུའི་འདབ་ཤོག་གཉིས་ལྡན་ཡོང་བར་སློབ་ཕྲུག་རང་ངོས་ནས་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག དཔེར་ན། ང་ཚོ་ཡིན་ནའང་རྣམ་པ་ཚོ་ནང་བཞིན་སློབ་གྲྭར་འགྲོ་མྱོང་བ་རེད། དེ་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ཡིན་ནའང་དམིགས་བསལ་སློབ་སྦྱོང་བྱས་པ་རེད། སྐབས་དེ་དུས་དགེ་རྒན་རྣམ་པས་བསླབ་བྱ་རྒྱག་ཡོང་སྐབས་བརྒྱ་ཆ་ ༧༥ སློབ་ཕྲུག་སོ་སོ་ངོས་ནས་སློབ་སྦྱོང་གི་རྩོམ་ཡིག་དང་དོ་སྣང་གནང་ཐུབ་དགོས་རྒྱུ། བརྒྱ་ཆ་ ༢༥ དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་སོགས་ལ་རག་ལུས་ཀྱི་ཡོད་པ། གང་ལྟར་བརྒྱ་ཆ་མང་བ་དེ་སོ་སོས་འགན་ཁུར་དགོས་ཀྱི་ཡོད་པ་གསལ་པོ་བྱེད་ནས་གསུང་མྱོང་ཡོད།
དེ་བཞིན་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་། །ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱིས། །ཐར་པ་རང་ལ་རག་ལས་ཤེས་པར་མཛོད།། ཅེས་གསུང་པ་ལྟར་སོ་སོའི་ངོས་ནས་བརྩོན་འགྲུས་དང་འབད་བརྩོན་བྱེད་མ་ཐུབ་ན་མི་ཡོང་བ་ལྟ་བུ་ཆགས་ཡོད། དེ་འདྲའི་ཐོག་ནས་སློབ་ཕྲུག་རང་ངོས་ནས་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ཐུགས་ལ་བཅང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་དགེ་རྒན་རྣམ་པ་ཡིན་ནའང་ཧ་ལས་པའི་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན་ད་ཆ་ང་ཚོ་དུས་ཚོད་ཉག་ཕྲ་བའི་ཐོག་ནས་བོད་དང་བོད་མི་རིགས། བོད་ཀྱི་སྐད་ཡིག་ལ་དངོས་གནས་སེམས་ཁུར་སྐྱེས་ནས་ལྷག་བསམ་རྣམ་དག་གིས་ཉིན་ལྟར་ཞོགས་པ་ཡར་ལང་བ་དང་། དེ་རིང་ངས་ཕྲུ་གུ་འདི་ཚོ་ལ་མདུན་ལམ་སློབ་སྟོན་བྱེད་ཀྱི་ཡིན། སོ་སོའི་རྣམ་དཔྱོད་དེ་གཞན་ལ་སྟོན་ཐུབ་པ་བྱེད་ཀྱི་ཡིན་སྙམ་པའི་འགན་ཁུར་ཞུ་ཐུབ་པའི་དམ་བཅའ་བཞེས་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་དགེ་བའི་བཤེས་གཉེན་ཟེར་རྒྱུ་དེ་ནང་པའི་ཆོས་ནང་བཤད་ཡོང་སྐབས་གྲུ་པར་དཔེ་འཇོག་བཞིན་ཡོད། དཔེར་ན། གྲུའི་ནང་མི་བརྒྱ་ཙམ་འཁྱེར་དགོས་ཀྱི་ཡོད་ན། གྲུ་དེ་ཆུའི་ཕ་རོལ་དུ་འགྲོ་དགོས་ཀྱི་ཡོད། གྲུ་པས་གྲུ་ཡག་པོ་མ་བཏང་ན་མི་བརྒྱ་ཙམ་གྱི་སྲོག་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད།
དེ་མཚུངས་དགེ་རྒན་ཞེས་བརྗོད་སྐབས་སྤྱི་ཡོངས་ཐོག་ནས་སློབ་ཕྲུག་གི་མདུན་ལམ་བཟང་པོ་ཞིག་བཟོ་རྒྱུའི་རྣམ་དཔྱོད་སྟོན་རྒྱུ་སོགས་ཀྱི་འགན་ཆེ་བ་དེ་དགེ་རྒན་རྣམ་པར་ཡོད་སྟབས། རྣམ་པ་ཚོའི་ལྷག་བསམ་དང་ཧུར་བརྩོན་ལ་བསྔགས་བརྗོད་བྱེད་འོས་པ་ཆགས་ཀྱི་ཡོད། ད་དུང་ཡིན་ནའང་འབད་བརྩོན་མུ་མཐུད་གནང་ཐུབ་པའི་ཐུགས་འགན་བཞེས་རྒྱུ་དང་། ང་ཚོའི་ངོས་ནས་ཀྱང་དེ་ལྟར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ད་བར་སྐུ་ལས་བསྐྱོན་མཁན་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་དང་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།